འདས་པའི་ལོ་ངོའི་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་འཛམ་གླིང་ས་ཆ་གང་སར་ཕེབས་བསྐྱོད་རྒྱ་ཆེར་མཛད་དེ་ཡ་ང་བའི་བོད་ཀྱི་དོན་རྐྱེན་སྐོར་ལ་འགྲེལ་བརྗོད་གནང་བ་དང་། ཞི་བདེ་དང་འཚེ་བ་མེད་པའི་ལས་དོན་ཐོག་སློབ་སྟོན་གནང་ཞིང་། ཕྱི་ལོ་ ༡༩༨༩ ལོར་ཁོང་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཕུལ་བའི་སྐབས་སུ་ཁོང་གི་འཛམ་གླིང་ཞི་བདེ་དང་འཆམ་མཐུན་གྱི་ཐད་དུ་འབུར་ཐོན་གྱིལེགས་སྐྱེས་ཕུལ་ཡོད་པ་ངོས་འཛིན་གནང་ཡོད་པ་རེད།
འདས་པའི་དུས་རིམ་ཁྲོད་དུ་བོད་ཀྱི་དོན་གནད་ལ་རྒྱལ་སྤྱིའི་དོ་སྣང་ཤུགས་ཆེར་ཐོབ་ཡོད་པ་དང་རྒྱལ་ཁབ་ ༤༠ བརྒལ་བའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དུ་མ་བྱུང་ཡོད་ལ། མཐའ་ན་སློབ་གྲྭ་དང་མཐོ་སློབ་ཁག་ནས་བོད་དོན་རྒྱབ་སྐྱོར་ཆེད་དུ་བོད་རང་དབང་སློབ་ཕྲུག་ཚོགས་པ་ཞེས་པ་དེ་བྱུང་ཡོད། བོད་དོན་རྒྱབ་སྐྱོར་སླད་དུ་རྒྱལ་ཁབ་རེ་ཟུང་གི་གྲོས་ཚོགས་ཁག་ནས་གྲོས་ཆོད་བཞག་གནང་ཡོད་པ་དང་། ལྡི་ལི་གསར་པ་དངལི་ཐུའུ་ཨ་ན་ཡཱའི་ས་གནས་སུ་བོད་ཀྱི་གནད་དོན་ཆེད་དུ་འཛམ་གླིང་གྲོས་ཚོགས་མི་སྣའི་ཚོགས་ཆེན་ (WPCT) ཐེངས་གཉིས་ཚོགས་ཟིན་པ་དང་། ཚོགས་ཆེན་གསུམ་པ་འཚོགས་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་རྒྱལ་ཁབ་མང་པོས་བོད་མི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ཁག་ལ་གུས་བཀུར་དགོས་སྐོར་རྒྱ་ནག་གཞུང་ལ་འབོད་སྐུལ་བྱེད་བཞིན་ཡོད་པ་རེད།