རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོའི་གསུང་འཕྲིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས།
སྤྱི་ལོ་ ༢༠༡༣ ཟླ་བ་ ༡༢ ཚེས་ ༡༠
དེ་རིང་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་བྱེད་བཞིན་ཡོད་ཀྱང་བོད་ནང་གི་བོད་མི་རྣམས་ད་དུང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་རང་ལུས་མེ་རུ་བསྒྲོན་བཞིན་ཡོད། བོད་མི་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ལ་ཡིད་ཆེད་ཀྱིས་ནིའུ་ཡོག་དང་ཇན་ནི་ཝར་གཉིས་ནང་བརྟན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་རྒྱ་དམར་གཞུང་གི་སྲིད་ཇུས་འོག་བོད་ནང་གི་བོད་མི་ཚོར་ཚད་ལས་འདས་པའི་སྡུག་སྦྱོང་གནར་གཅོད་གཏོང་བཞིན་པའི་གནས་ཚུལ་རྣམས་ཡར་ཞུ་ཐེངས་མང་བྱས་ཏེ་མིག་སྔའི་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབས་ལེགས་བཅོས་ཡོངས་ཐབས་བྱས་ཀྱང་། ད་ལྟ་བར་བོད་ནང་གི་ཡ་ང་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་གང་ཡང་ཕྱིན་མེད།
བོད་ནང་གི་བོད་མི་རྣམས་ནས་འཚེ་བ་མེད་པའི་ལས་འགུལ་ལ་བརྟེན་ནས་རྒྱ་གཞུང་གི་དབང་བསྒྱུར་དང་བཙན་གནོན་མཚམས་འཇོག་ཡོང་རེ་བྱས་ཏེ་འདས་པའི་ལོ་ངོ་བཞི་ལྷག་གི་ནང་བོད་མི་ ༡༢༤ གྱིས་རང་ལུས་མེ་རུ་བསྒྲོན་ནས་རྒྱ་གཞུང་གི་དབང་བསྒྱུར་དང་སྲིད་ཇུས་ལ་ངོ་རྒོལ་བྱས་ཀྱང་རྒྱ་གཞུང་ནས་བོད་མིའི་མངོན་འདོད་ལ་བཟང་ཕྱོགས་ཀྱི་ལན་འདེབས་བྱེད་རྒྱུ་ལས་ཟློག་ནས་རང་ལུས་མེར་བསྲེགས་གཏོང་མཁན་དང་ཁོང་རྣམ་པའི་ནང་མི་སྤུན་མཆེད། གྲོགས་ཉེ་དུ་སོགས་ཀྱང་འཇུ་བཟུང་ཀྱིས་རྡུང་རྡེག་དང་དུས་བཀག་བཙོན་འཇུག ཚེ་བཙོན། ཐ་ན་སྲོག་ཁྲིམས་ཀྱང་གཅོད་བཞིན་ཡོད། ཆེས་བློ་ཕམ་པ་ཞིག་ནི་འཛམ་གླིང་ནང་ནས་མིག་སྔའི་གནས་སྟངས་དེར་དོན་ཕན་ལྡན་པའི་ཐེར་འདོན་བྱས་མེད་པ་མ་ཟད། སྤྱི་ཟླ་ ༡༡ ཚེས་ ༡༢ ཉིན་རྒྱ་ནག་དེ་བཞིན་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱས་ཡོད་པ་རེད། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་བློ་ཕམ་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་སྤེལ་དགོས་པའི་གཞི་རྩའི་དམིགས་ཡུལ་ལ་རྩིས་མེད་གཏོང་མཁན་གྱི་རྒྱ་ནག་རྒྱལ་ཁབ་དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་སྐྱར་འདེམས་བྱས་པར་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད།
རྒྱ་ནག་པེ་ཅིང་སྲིད་གཞུང་ནས་འགྱུར་བ་མེད་པ་དང་འཆར་གཞི་ལྡན་པའི་ཐོག་ནས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གདལ་བཤིག་བཏང་དང་གཏོང་བཞིན་ཡོད། བོད་མི་ཚོར་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། གསར་འགོད་རང་དབང་། ཆོས་དད་རང་དབང་། འཕེལ་རྒྱས་ཐོབ་ཐང་སོགས་མེད་པ་དང་། སྤྱི་ཚོགས་དཔལ་འབྱོར་གྱི་རང་དབང་ཡང་འཕྲོག་ཡོད་པ་རེད། བོད་མི་རྣམས་བཙན་དབང་གིས་འཛིན་བཟུང་དང་བཙོན་འཇུག གནར་གཅོད་གཏོང་བ་སོགས་ཀྱི་གནས་སྟངས་འདིས་རྒྱ་གཞུང་ནས་བོད་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་ལྟར་བྱེད་བཞིན་པ་གསལ་པོ་བསྟན་ཡོད།
ཉེ་ཆར་རྒྱ་གཞུང་གིས་བཏོན་པའི་རྒྱབ་ཤ་དཀར་པོ་ཞེས་པའི་ཡིག་ཆ་དེའི་ནང་བོད་ནང་གི་འཕེལ་རྒྱས་དང་གོང་འཕེལ་དེ་ནི་འགྲོ་བ་མིའི་དྲང་བདེན་གྱི་རྒྱལ་ཁ་ཞིག་ཡིན་པར་བརྗོད་བཞིན་ཡོད། བོད་ནང་དཔལ་འབྱོར་ཡར་རྒྱས་བཏང་པ་དེ་ནི་རྒྱ་གཞུང་ནས་བོད་མིའི་སྤྱི་ཚོགས་ཡར་རྒྱས་བཏང་པར་ཁ་གཡང་སྒྲོག་སའི་གཞི་རྩ་ཞིག་ཆགས་ཡོད་ཀྱང་བོད་ནང་རང་ལུས་མེར་བསྲེགས་དང་མཉམ་ལས་མི་བྱེད་པ། བཀའ་རྩི་དང་ལེན་མི་ཞུ་བ་སོགས་ཀྱི་བོད་མིའི་ཞི་རྒོལ་ལས་འགུལ་དག་གིས་རྒྱ་གཞུང་གི་དངོས་བདེན་མིན་པའི་དྲིལ་བསྒྲགས་ཀྱི་རྫུན་རྐུབ་གཏོལ་ཡོད་པ་དང་། ཕྱོགས་མཚུངས་བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་གསལ་སྟོན་བྱས་ཡོད། ཉེ་ཆར་འཛིན་ཟུང་བྱས་པའི་བོད་ནང་གི་སྙན་ངག་པ་ཞོག་སྒྲིལ་ལགས་ནས་སྐྱུག་བྲོ་བའི་ལྷ་ས་ཞེས་པའི་སྙན་ངག་ཞིག་བྲིས་ཡོད་པ་དེའི་ནང་
“ང་རང་ལྷ་སའི་གྲུ་ཁ་རེ་རེར་ཉུལ་མྱོང་།
སྲང་མདོ་གང་སར་ཡོད་པའི་ཆང་ཁང་དང་སྨད་འཚོང་ཁང་།
སྲང་ལམ་གང་སར་འཚང་བའི་སྤྲང་པོ་དང་ཡུལ་གྱར་བ།
བར་སྐོར་གླིང་གི་དད་ལྡན་པ་དང་ཕལ་མིའི་གྱོན་ཆས་འོག་གི་ཉེན་རྟོག་པ།
གཙུག་ལག་ཁང་གི་ལྗོངས་རྒྱུ་བ་དང་སྐོར་འཁྱམ་པ།
ད་དུང་། ལུས་ཀྱི་བ་སྤུ་གཟེངས་བར་བྱེད་པའི་སྣང་བརྙན་དག
དོན་ལྔ་སྣོད་དྲུག་བསྲེགས་འོང་བའི་སྐྱོ་གར་དག
འདི་དག་ལས་གཞན། ངས་སེམས་ཀྱིས་བསྔགས་འོས་པའི་གནས་ཞིག་མཐོང་མ་སོང་ལ།
ལྷིང་འཇགས་བདེ་སྐྱིད་ཀྱི་འཚོ་བ་ཞིག་དེ་བས་ཀྱང་བརྙེད་མ་སོང་།” ཅེས་བྲིས་ཡོད།
བོད་ནང་བཙན་གནོན་དང་དམ་དྲག་ཇི་ལྟར་ཆེ་ནའང་ང་ཚོས་གནས་སྟངས་འདི་རྟག་བརྟན་ཞིག་མ་ཡིན་པར་ཡིད་ཆེད་བྱེད་པའི་རྒྱུ་མཚན་ངེས་ཅན་ཡོད། སྟོབས་ཆེན་རྒྱལ་ཁབ་ཅི་འདྲ་ཞིག་ཡིན་རུང་དབང་ཤུགས་ཡུན་གནས་ནམ་ཡང་བྱེད་མི་ཐུབ་པ་དེ་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་ར་སྤྲོད་ཤིག་རེད། རྒྱ་ནག་གཞུང་ནས་དངོས་བདེན་མ་ཡིན་པའི་ཁྱབ་བསྒྲགས་ཤུགས་ཆེ་བྱས་ནས་འཛམ་གླིང་ནང་རྒྱ་ནག་གི་སྣང་བརྙན་བཟང་པོ་ཞིག་སྐྲུན་ཐབས་བྱས་ཀྱང་ལམ་ལྷོང་བྱུང་མེད། དེ་ལས་ཟློག་ནས་རྒྱ་ནག་གཞུང་ནི་ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཙམ་མ་ཟད་ཐ་ན་རྒྱ་ནག་རང་ཉིད་ཀྱི་མི་མང་ནས་ཀྱང་ཡིད་ཆེས་དང་གུས་བརྩི་ཞུ་ཐབས་མེད་པའི་གནས་བབས་ཤིག་ཏུ་ལྷུང་ཡོད། ༡༩༤༩ ལོར་རྒྱ་ནག་གིས་བོད་ནང་བཙན་འཛུལ་གྱིས་དབང་བསྒྱུར་བྱས་པ་ནས་བཟུང་འཛམ་གླིང་ཁྱོན་ཡོངས་སུ་འཕེལ་རྒྱས་རླབས་ཆེན་ཕྱིན་ཡོད། བཙན་གནོན་དང་དབང་བསྒྱུར་འོག་ཡོད་པའི་རྒྱལ་ཁབ་མང་དག་ཞིག་ལ་རང་བཙན་ཐོབ་ཡོད་པ་དང་། གདུག་རྩུབ་ཅན་གྱི་སྲིད་དབང་སྒེར་འཛིན་པ་དག་ཕམ་ཉེས་སུ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་དར་འཕེལ་འགྲོ་བཞིན་པའི་ཁྲོད་མིའི་རིགས་ཀྱིས་དྲང་བདེན་དང་འདྲ་མཉམ་རྩོད་ལེན་བྱེད་བཞིན་ཡོད། དེས་ན་ང་ཚོས་ཀྱང་བོད་དོན་འཐབ་རྩོད་འདི་རྒྱུན་སྐྱོང་བྱ་ངེས་ཡིན་པ་དང་དེ་ཡང་བོད་འདི་རྒྱ་ནག་གི་དབང་བསྒྱུར་འོག་ནས་རང་དབང་མ་ཐོབ་བར་དུ་རྒྱུན་སྐྱོང་བྱ་ངེས་ཡིན། དཔལ་འབྱོར་དང་དམག་ཤུགས། འཇིགས་སྐུལ་སོགས་གང་གིས་ཀྱང་བོད་མིའི་སྙིང་སྟོབས་ཉམས་དམས་སུ་གཏོང་མི་ཐུབ། གཞིས་བྱེས་བོད་མི་རྣམས་ནས་ཆིག་སྒྲིལ་གྱིས་བོད་ལ་རང་དབང་རང་བཙན་སླར་གསོ་བྱས་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་མ་ཐུབ་བར་དུ་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུ་ཡིན།
བོད་རྒྱལ་ལོ།།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༠ སྤྱི་ལོ་ ༢༠༡༣ ཟླ་བ་ ༡༢ ཚེས་ ༡༠ ཉིན།