རྒྱལ་སྤྱིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཐུན་གྲོགས་ཚན་པ་དེ་གང་འདྲ་ཞིག་རེད་དམ།
རྒྱལ་སྤྱིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཐུན་གྲོགས་ཀྱི་ཚན་པ་ནི་བོད་མི་མང་གི་མངོན་འདོད་བོད་རང་དབང་རང་བཙན་གྱི་ཆེད་དུ་རྒྱལ་སྤྱིའི་ས་གནས་ཁག་ནས་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྣ་ཚོར་བོད་དོན་ཐོག་མཉམ་བཞུགས་དང་རྒྱབ་སྐྱོར་བྱ་ཐབས་སུ་དམིགས་པ་ཞིག་ཡིན་པ་དང་། བོད་ང་བཙན་གྱི་གནད་དོན་དེ་ནི་བོད་མི་རིགས་གཅིག་པུའི་ཁེ་ཕན་ཙམ་མ་ཡིན་པར། ཨེ་ཤི་ཡའི་ཞེ་བདེ་དང། གོལ་ཧྲིལ་པོའི་བརྟན་བརླིང་དང་ཞི་བདེ་ལ་དམིགས་གསལ་གྱི་འབྲེལ་བ་ཆགས་ཡོད། མ་ཟད་བོད་དོན་དང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པ་ནི་དྲང་བདེན་ལ་རྒྱབ་སྐྱོར་བྱེད་པ་དང་བཙན་གནོན་དང་གཉའ་གནོན་ལ་ངོ་རྒོལ་བྱེད་པའི་ལས་ཀ་ཞིག་དང་། ལྷག་པར་བཟང་སྤྱོད་ཀྱིས་སྤྲད་པའི་རྒྱལ་སྤྱིའི་མི་མང་གིས་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན།
རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་མཐུན་གྲོགས་ནི་ཚོགས་པ་ཞིག་མ་ཡིན་པར། མི་སྣ་སྒེར་སོ་སོའི་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་དང། ལྷག་པར་བོད་རང་བཙན་ཆེད་རྒྱབ་སྐྱོར་དང་གཞོན་ལྷན་གྱིས་ལས་འགུལ་དང་བྱེད་སྒོ་ཁག་ལ་མཉམ་བཞུགས་བྱེད་པ། བོད་དོན་དང་བོད་རང་བཙན་གྱི་རྩོམ་ཡིག་སྤེལ་བ་སོགས་སྒོ་ཀུན་ནས་མ་སྐུལ་དང་བླངས་ཀྱིས་བྱེད་པའི་བདེན་སྐྱོང་མི་སྣའི་སྡེ་ཁག་གཅིག་ཡིན།
འདིའི་ནང་བོད་མི་དང་བོད་མི་མ་ཡིན་པའི་སྐྱེ་བོ་སུ་ཞིག་ཡིན་རུང་བོད་མི་མང་ལ་བོད་རང་བཙན་བྱ་རྒྱུའི་ཐོབ་ཐང་ཡོད་པར་ཡིད་ཆེས་བྱེད་མཁན་ཞིག་ཡིན་ན་རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་མཐུན་གྲོགས་ཀྱི་ཁོངས་མིར་འཛུལ་བཞུགས་བྱེད་ཆོག་པ་ཡིན།
འཛུལ་ཞུགས་ཇི་ལྟར་བྱ་དགོས།
རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་མཐུན་གྲོགས་སུ་འཛུལ་ཞུགས་བྱེད་བློ་ཡོད་པའི་སྐྱེ་བོ་ཚོས་གཤམ་གྱི་དྲ་ཐོག་ལ་ཡོད་པའི་འགེང་ཤོག་བསྐང་དགོས་པ་དང། དེ་རྗེས་འགེངས་ཤོག་དེ་ཉིད་སོ་སོའི་ངོ་སྤྲོད་ལག་འཁྱེར་ཀྱི་ངོ་ཤུས་གཅིག་དང་ཕྱེད་པར་གཉིས་མཉམ་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་བསྐུར་གནང་དགོས། འགེང་ཤོགས་དང་ངོ་སྤྲོད་ལག་འཁྱེར་གྱི་འདྲ་ཤུས་ལ་དག་ཆན་ཐོབ་རྗེས་ཁྱེད་ལ་རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་མཐུན་གྲོགས་ཀྱི་ངོ་སྤྲོད་ལག་འཁྱེར་ཞིག་ཁྱེད་ཀྱི་ཁ་བྱང་ཐོག་འབྱོར་གི་རེད། དེ་ནི་ཁྱེད་རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་མཐུན་གྲོགས་ཡིན་པའི་ངོ་སྤྲོད་ལག་འཁྱེར་ཡིན་པ་དང། དུས་དེ་ནས་བཟུང་ཁྱེད་རྒྱལ་སྤྱིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མཐུན་གྲོགས་སུ་གྱུར་བ་ཡིན་པས་ངེས་པར་དུ་གཞོན་ལྷན་གྱི་ལས་དོན་ཆེ་ཕྲ་ཆུང་གསུམ་ཚང་མར་ཐུགས་ཁུར་དང་རྒྱབ་སྐྱོར་གང་ཐུབ་གནང་དགོས་པ་དང་། ལྷག་པར་བོད་དོན་ཐོག་ལྷག་བསམ་ཐུགས་འཁུར་ཆེན་པོས་ཐབས་ལམ་སྣ་ཚོགས་ཀྱི་ཐོག་ནས་གང་ཐུབ་ཀྱིས་རྒྱབ་སྐྱོར་གནང་དགོས། དེ་ལྟར་བྱ་མ་ཐུབ་ཚེ་རྒྱལ་སྤྱིའི་བོད་ཀྱི་གཞོན་ནུའི་མཐུན་གྲོགས་ཀྱི་འགན་ཁུར་འཁྱེར་མ་ཐུབ་པ་ཡིན།