གསར་འགོད་བསྒྲགས་གཏམ།
རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་ཐོུང་ནས་སྤྱི་ལོ་༢༠༡༧ཟླ་བ་༡༢ཚེས་༡༠ནས་འགོ་འཛུགས་ཀྱིས་རྒྱ་གར་གཞུང་དམངས་གཉིས་ཀྱིས་འདས་པའི་ལོ་རྒྱུས་ནང་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་།ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་ཡོང་ཐབས་སུ་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཆེ་ཁག་༡༥༠ནང་སྤེལ་རྒྱུ་དང་།དེ་ཡང་ས་ཁུལ་ཆེན་པོ་གསུམ་ལ་སྡེ་ཚན་གསུམ་འཆར་འགོད་ཀྱིས་རྡ་རམ་ས་ལ་དང་།ས་ལུ་གྷ་ར།ཅན་ནའི་བཅས་ནས་འགོ་འཛུགས་བྱས་ཡོད་པ་རེད།
གཞུང་དམངས་གོ་རྟོགས་ལས་འགུལ་འདི་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་གྲོང་གསེབ་དང་གྲོང་བརྡལ།གྲོང་ཁྱེར་བཅས་རེ་རེ་བརྒྱུད་དེ་དཔོན་རིགས་ཁག་དང་མཇལ་འཕྲད།མི་དམངས་ཀྱི་གོམ་བགྲོད།གསར་འགོད་ལྷན་ཚོགས།ཡིག་ཆ་འགྲེམ་སྤེལ།མཚན་རྟགས་བསྡུ་རུབ་སོགས་ཀྱི་ཐབས་ལམ་སྣ་མང་ཐོག་ནས་རྒྱ་གར་དབུས་སའི་དཔོན་རིགས་དང་མི་དམངས་ལ་འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བ་དང་།ད་ལྟའི་དངོས་ཡོད་ཀྱི་གནས་བབ།མ་འོངས་པའི་རྒྱ་གར་དང་བོད་ཀྱི་མདུན་ལམ་བཅས་འགྲེལ་བརྗོད་ཀྱིས་བོད་རང་བཙན་གྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་དང་ཨེ་ཤེ་ཡའི་བརྟན་ལྷིང་ལ་ཐད་ཀར་འབྲེལ་བ་ཤུགས་ཆེར་ཆགས་ཡོད་པའི་དོན་དངོས་གོ་རྟོགས་སྤེལ་ཡོད་པ་རེད།
བོད་དང་རྒྱ་གར་ནི་ལོ་ངོ་སྟོང་ཕྲག་མང་པོའི་རིང་ལོ་རྒྱུས་ཀྱི་ཐོག་ནས་ཆོས་དང་རིག་གཞུང་གི་འབྲེལ་ལམ་གཏིང་ཟབ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པ་དང་།ས་མཚམས་མུ་འབྲེལ་གྱི་ཐོག་ནས་ཆབ་དཔལ་རིག་གསུམ་གྱི་འབྲེལ་ལམ་དང་ཤུགས་རྐྱེན་ཡང་ངེས་ཅན་ཡོད་པ་ཞིག་ཆགས་ཡོད།ལྷག་པར་ཁོར་ཡུག་གནས་བབ་ཀྱི་ཐོག་ནས་བོད་དེ་རྒྱ་གར་ལ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཆགས་ཡོད།སྤྱི་ལོ་༡༩༥༩ལོར་བོད་རྒྱལ་ཁབ་ཡོངས་སུ་རྒྱ་དམར་གྱིས་བཙན་བཟུང་བྱས་པ་ནས་བཟུང་རྒྱ་དམར་གྱི་ཧམ་ཤེད་ཆེ་བའི་སྲིད་ཇུས་འོག་དེ་སྔའི་ཞེ་བདེ་དང་ལྷིང་འཇགས་ལྡན་པའི་ཧིན་བོད་ས་མཚམས་དེ་བཞིན་ཉེན་ཚབ་ཅན་གྱི་ས་ཁུལ་དང་ས་མཚམས་ཤིག་ཏུ་གྱུར་ཡོད་པ་མ་ཟད།ཨེ་ཤེ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་དབར་བར་མཚམས་མེད་པའི་དཀའ་རྙོག་ཞིག་ཏུ་གྱུར་ནས་མཐར་༡༩༦༢ལོར་ས་མཚམས་དམག་འཁྲུག་གི་དོན་རྐྱེན་ཁྲོད་རྒྱག་གར་དམག་མི་སྟོང་ཕྲག་ལྷག་གི་ཚེ་སྲོག་ཀྱང་ཤོར་ཡོད་པ་རེད།ཉེ་ཆར་འབྲོག་ལམ་གྱི་དོན་རྐྱེན་བྱུང་བ་དེ་དག་གིས་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཤུགས་ཆེན་ཡོད་པ་ར་སྤྲོད་གསལ་པོ་བྱས་ཡོད་པ་རེད།
འབྲོག་ལམ་ལ་བཙན་འཛུལ་བྱས་པའི་དོན་རྐྱེན་དེས་རྒྱ་དམར་གྱི་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་བློའི་གདོང་རིས་མངོན་གསལ་དུ་ཐོན་ཡོད་པ་མ་ཟད་རྒྱ་གར་ལ་འཇིགས་སྐུལ་སྤེལ་བའི་གཡོ་སྒྱུའི་བྱ་སྤྱོད་ཞིག་ཀྱང་ཆགས་ཡོད།
གཞན་ཡང་རྒྱ་ནག་གིས་རྒྱ་གར་དང་ཁ་གཏད་དུ་འཛིན་མཁན་གྱི་རྒྱལ་ཁབ་དང་། ཚོགས་སྡེ་ཁག་ལ་མངོན་གསལ་དོད་པོས་མཉམ་འབྲེལ་གྱིས་རྒྱ་གར་གྱི་རྒྱལ་སྤྱིའི་འབྲེལ་ལམ་ལ་དོ་ཕོག་གཏོང་རྒྱུའི་ངན་ཇུས་འོགརྒྱ་གར་རྡུལ་མཚོན་མཁོ་སྤྲོད་ལྷན་ཚོགས་(NSG)ནང་མཉམ་བཞུགས་བྱ་རྒྱུ་དང་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་འོས་གཞིར་འཛུལ་ཞུགས་བྱ་རྒྱུར་ཡང་འགོག་རྐྱེན་བཟོ་བཞིན་ཡོད་པ་མ་ཟད།རྒྱ་གར་གྱི་གཙོས་པའི་ཨེ་ཤེ་ཡའི་མི་དམངས་དུང་ཕྱུར་མང་པོའི་བརྟེན་གཞིར་གྱུར་བའི་བོད་ཀྱི་གཙང་པོ་ཁ་བསྒྱུར་དང་།ཆུ་རགས་རྒྱག་པ།དེ་བཞིན་བོད་ཀྱི་ཤིང་ནགས་གཅོད་བྲེག་སོགས་རང་བྱུང་ཁོར་ཡུག་ལ་གཏོར་བརླགས་ཚབ་ཆེན་གཏོང་བ་སོགས་ཀྱིས་རྒྱ་གར་དང་ཨེ་ཤེ་ཡའི་གནམ་གཤིས་དང་ཁོར་ཡུག་ལ་གནོད་གཞིའི་ལས་ངན་གང་མང་ཞིག་སྤེལ་བཞིན་ཡོད།
བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་དང་ཧི་མ་ལ་ཡའི་ཞི་བདེ་ཡི་གལ་གནད་ཅིག་ཆགས་ཡོད་པར་ངོས་འཛིན་བྱ་བཞིན་ཡོད་པ་མ་ཟད།དེའི་ཐོག་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་“རྒྱ་གར་དབུས་གཞུང་ནས་བོད་དེ་ལོ་རྒྱུས་ཐོག་ནས་རང་བཙན་ཡིན་པ་དང་ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་གནང་རྒྱུ་དེ་ནི་རྒྱ་གར་གྱི་ཁེ་ཕན་དང་འབྲེལ་བ་ཡོད་པ་མ་ཟད།མཉམ་རུབ་ཀྱི་ཐོག་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནས་དོན་སེལ་རྒྱུར་གནོན་ཤུགས་སྤྲོད་རྒྱུར་འགན་ཁུར་བྱ་དགོས།བར་གནས་ཀྱི་མཐོ་སྒང་བོད་ནི་ད་ལྟ་དམག་གི་ལྟེ་གནས་ཤིག་ཆགས་ཡོད་པས་ང་ཚོར་ཞི་བདེ་དང་ལྷིང་འཇགས་དགོས་ན་ངེས་པར་དུ་བོད་ལ་རང་བཙན་ཐོབ་དགོས་”ཅེས་གསུངས་ཡོད།
འབོད་སྐུལ།
• རྒྱ་གར་མི་དམངས་ཀྱིས་གྲོས་ཚོགས་འཐུས་མིར་བོད་ཀྱི་གནད་དོན་གྲོས་ཚོགས་ནང་གླེང་སློང་གནང་རྒྱུར་ཤུགས་སྣོན་རྒྱག་རོགས།
• རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་ཀྱིས་བོད་དེ་འདས་པའི་ལོ་རྒྱུས་ནང་རང་བཙན་རྒྱལ་ཁབ་ཅིག་དང་ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གྱིས་རྒྱབ་སྐྱོར་གནང་རོགས།
• ཧིན་བོད་མི་དམངས་ནས་རྒྱ་དམར་གྱི་ཅ་དངོས་ཉོ་ཚོང་སྤྱོད་གསུམ་བྱ་རྒྱུ་མཚམས་འཇོག་གནང་རོགས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།
སྤྱི་ལོ་༢༠༡༧ཟླ་བ་༡༡ཚེས་༣༠ཉིན།