སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཉི་མའི་སྔ་དྲོ་ཚོུད་ ༡༡།༠༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་གོ་སྒྲིག་ཞུས་པའི་རྒྱ་རི་རིན་པོ་ཆེ་དམ་པ་དེའི་ཞེ་དགུའི་མཆོད་འབུལ་དང་རྗེས་དྲན་འདུ་འཛོམས་ལ་བཅར་ཡོད་པ་རེད།

དེ་ཡང་བོད་རྒྱ་ཞི་མོལ་སྐུ་ཚབ་ཟུར་པ(དང་)་བཀའ་བློན་ཟུར་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་གྱི་ཡ་གྱལ་དབུས་རྒྱུན་ཟུར་པ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་སྐུ་སྙུང་སྟེ། ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༩ སྔ་དྲོ་ཆུ་ཚོད་ ༦ ཡོལ་ཙམ་ལ་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་དང་། ཁོང་འདས་གྲོངས་སུ་སོང་ནས་ཞག་ཞེ་དགུའི་མཆོད་འབུལ་སྨོན་ལམ་སྤྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༡༦ རེས་གཟའ་ཉི་མའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ཏུ་གོ་སྒྲིག་ཞུས་ཡོད་པ་རེད། སྐབས་དེར་བཀའ་ཟུར་རྒྱ་རི་རིན་པོ་ཆེའི་རྗེས་དྲན་ཞུ་སླད་བྱང་ཨ་རིའི་དོན་གཅོད་དང་། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་དབུས་བོད་པ་དང་ཨ་རིའི་གནད་ཡོད་མི་སྣ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་དང་ལས་ཐོག་སོགས་གདན་ཞུས་གནང་བ་མ་ཟད། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་ནིའུ་ཡོག་གནས་བཞུགས་མི་དམངས་བཅས་འདུ་འཛོམས་གནང་ཡོད་པ་རེད།

ཞེ་དགུའི་མཆོད་འབུལ་དང་རྗེས་དྲན་འདུ་འཛོམས་ཐོག་གདན་ཞུས་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ཆེད་བཅར་ཞུས་ཡོད་པ་དང། མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་རྒྱ་རི་རིན་པོ་ཆེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་གྱི་གྲས་ཞིག་ཡིན་པ་མ་ཟད། སྐབས་དང་པོ་དང་གཉིས་པའི་རྒྱུན་ལས་གནང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་གསར་འཛུགས་ཞུས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལོ་ངོ་ ༤༨ རིང་བོད་པའི་གཞོན་སྐྱེས་གྲངས་ལས་འདས་པར་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་བདེ་དོན་ཆེད་ཕྱག་ལས་གནང་རྒྱུའི་གོ་སྐབས་བསྐྲུན་ཐུབ་ཡོད་པ་དང་། ཚད་ལྡན་གྱི་འགོ་ཁྲིད་མང་པོ་གསོ་སྐྱོང་བྱ་ཐུབ་པ་སོགས་ལུང་དྲངས་ནས་བཀའ་ཟུར་རྒྱ་རི་རིན་པོ་ཆེ་མཆོག་གི་བཀྲིན་རྗེས་སུ་དྲན་པའི་ཐོག་ནས་མྱ་ངན་གུས་འདུད་ཞུས་ཡོད་པ་རེད།