གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་དང་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་གཉིས་ནས་དུས་ཡུན་ཉིན་ ༤༢ རིང་རྒྱ་གར་ལྷོ་ཕྱོགས་དང་དབུས་ཁུལ་གྱི་ས་གནས་ཁག་ལ་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་སྣེ་ཁྲིད་གནང་ཡོད་པ་རེད།
དེ་ཡང་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས་དང་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་གཉིས་སྤྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༥ ཉིན་བཞུགས་སྒར་རྡ་ས་ནས་ཕྱོགས་ཐོན་གྱིས་སྤྱི་ཚེས་ ༦ ཉིན་ཅན་ནའི་ (Channai) གྲོང་ཁྱེར་དུ་འབྱོར་ནས་དེ་གའི་བོད་རིགས་སློབ་ཕྲུགས་ཚོགས་པའི་རྒྱུན་ལས་དང་མཇལ་འཛོམས་ཀྱིས་རྒྱ་གར་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་ངོ་སྤྲོད་དང་། དེ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་མི་སྣ་དང་མཇལ་འཛོམས་གནང་ནས་ལས་འགུལ་སྤེལ་ཡུལ་གྱི་དུས་ཚོད་དང་ས་ཆ། ཐུག་འཕྲད་བྱ་རྒྱུའི་གནད་ཡོད་མི་སྣ་སོགས་གཏན་ཁེལ་བཟོས།
སྤྱི་ཚེས་ ༩ ཉིན་དངོས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཧུ་པར་ལགས་དང་ཅན་ནའི་སློབ་ཕྲུག་ཚོགས་པའི་རྒྱུན་ལས་བཅས་མཉམ་རུབ་ཀྱིས་ལས་འགུལ་དབུ་འཛུགས་ཞུས་ཡོད་པ་དང་། སྐབས་དེར་ཅན་ནའི་གྲོང་ཁྱེར་ནང་གི་འདུ་འཛོམས་ཆེ་བའི་ས་ཁུལ་ཁག་ལ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམ་སྤེལ་དང་། ལས་འགུལ་གྱི་དགོས་འདུན་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་ཞུས་ཡོད་པ་མ་ཟད། ཏ་མི་ན་ཏི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་བྷ་ར་དྷི་ (R.S. Bharathi) སོགས་དཔོན་རིགས་ཁག་དང་མཇལ་འཕྲད་ཀྱིས་ཞུ་གཏུགས་ཡིག་ཆ་དང་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ། འབྲེལ་ཡོད་འོད་སྡེར་སོགས་ཀྱང་འབུལ་ལམ་ཞུས་ཡོད་པ་རེད།
སྤྱི་ཚེས་ ༡༠ ཉིན་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་ཉིན་མོ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཉོན་མོར་ཅན་ནའི་བོད་རིགས་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་མཛད་སྒོ་ཞིག་ཚོགས་ཡོད་པར་གདན་ཞུས་ལྟར་ཆེད་བཅར་ཞུས་པ་མ་ཟད། སླར་ཡང་ཅན་ནའི་གྲོང་ཁྱེར་ནང་ཡོད་པའི་རྒྱ་གར་གྱི་དཔོན་རིགས་ཁག་གཅིག་དང་མཇལ་འཕྲད་ཀྱིས་ཞུ་གཏུགས་ཡི་གེ་དང་བོད་དོན་དྲིལ་བསྒྲགས་ཡི་གེ་སོགས་འབུལ་ལམ་ཞུས་ཡོད་པ་རེད།
ཅན་ནའི་གྱི་ལས་འགུལ་གྲུབ་རྗེས་མལ་སོ་(Mysore)གྲོང་ཁྱེར་དུ་ཆེད་སྐྱོད་ཀྱིས་མེ་སོར་བོད་རིགས་སློབ་ཕྲུག་ཚོགས་པའི་རྒྱུན་ལས་གྱི་རོགས་རམ་འཐུན་འགྱུར་འོག་གྲོང་ཁྱེར་ནང་གི་འདུ་འཛོམས་ཆེ་བའི་ས་ཁུལ་ཁག་ལ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམ་སྤེལ་དང་། ལས་འགུལ་གྱི་དགོས་འདུན་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་ཞུས་ཡོད་པ་མ་ཟད། མལ་སོར་གྲོང་ཁྱེར་གྱི་གཙུག་ལག་སློབ་གྲྭ་ཁག་གི་སློབ་དཔོན་དང་སློབ་སྤྱི་སོགས་དང་མཇལ་འཕྲད་ཀྱིས་བོད་དོན་ཡིག་ཆ་འབུལ་ལམ་ཞུས་པ་དང་། གཙུག་ལག་སློབ་གྲྭ་ཁག་གི་སློབ་མ་ཚོར་བོད་དོན་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་བ་དང་ཡིག་ཆ་འགྲེམ་སྤེལ་གྱིས་རྒྱབ་སྐྱོར་མཚན་རྟགས་ཀྱང་བསྡུ་རུབ་ཞུ་ཐུབ་པ་བྱུང་ཡོད།
དེ་ལྟར་རྒྱ་གར་ལྷོ་ཕྱོགས་དང་དབུས་ཁུལ་གྱི་རྒྱལ་ཡོངས་གཞུང་དམངས་གོ་རྟོགས་ལས་འགུལ་དེ་བཞིན་སྤྱི་ལོ་ ༢༠༡༧ ཟླ་བ་ ༡༢ ཚེས་ ༩ ཉིན་འགོ་འཛུགས་ཀྱིས་ས་གནས་ཁག་སོ་སོའི་ས་གནས་གཞོན་ནུ་དང་བོད་རིགས་སློབ་ཕྲུག་ཚོགས་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཚོགས་མི་སོགས་ཀྱི་མཉམ་རུབ་དང་རྒྱབ་སྐྱོར་འོག་ཐོག་མར་ཅན་ནའི་གྲོང་ཁྱེར་དང་། མེ་སོར་གྲོང་ཁྱེར། ཏ་མི་ན་ཏུ། ཀ་ན་ཀྲ་ཀ མ་ཧ་ཤི་ཏ། ཨན་ཏ་ར་ཕར་ཌི་ཤི། གོ་བ། མ་དྷ་ར་ཕར་ཌི་ཤི། ཨུ་དྷར་ཕར་ཌི་ཤི། བི་ཧར། ཆ་དྷི་སི་གྷར། གུ་ཆུ་ར་དྷི། ར་ཇེ་སི་ཐན། ཨུ་ཌི་ཤ་སོགས་རྒྱ་གར་ལྷོ་ཕྱོགས་དང་དབུས་ཁུལ་གྱི་མངའ་སྡེ་ ༡༡ ནང་གི་གྲོང་ཁྱེར་དང་གྲོང་བརྡལ་ཆེ་ཁག་ ༢༨ ལྷག་ལ་ཆེད་སྐྱོད་ཀྱིས་གོམ་བགྲོད་དང་ཡིག་ཆ་འགྲེམ་སྤེལ། མཚན་རྟགས་བསྡུ་རུབ། གསར་འགོད་གསལ་བསྒྲགས། ས་གནས་སོ་སོའི་རྫོང་དཔོན། སྐོར་སྲུང་འགོ་དཔོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འགན་ཁུར་མིསྣ།གྲོང་ཁྱེར་ཁག་གི་སྤྱི་ཁྱབ། བློན་ཆེན། དབུས་སའི་བློན་ཆེན། དེ་བཞིན་གྲོས་ཚོགས་ཀྱི་འཐུས་མི་ཁག་གཅིག་བཅས་ཁྱོན་དཔོན་རིགས་ཁག་ ༤༤ ལྷག་དང་མཇལ་འཕྲད་ཀྱིས་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པའི་ཁུངས་བདེན་ལོ་རྒྱུས་ཧིན་སྐད་ཐོག་ཕབ་བསྒྱུར་བྱས་པའི་དེབ་དང་། ད་བར་བོད་ཕྱི་ནང་གཉིས་སུ་བྱུང་བའི་སྐུ་ལུས་མེར་བསྲེགས་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་པར་རིས་དང་ལོ་རྒྱུས། ཞལ་ཆེམས། དགོས་འདུན་བཅས་ཁུངས་བདེན་མཁོ་སྒྲུབ་ཞུས་པའི་འོད་སྡེར། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་པའི་ལོ་རྒྱུས་གློག་བརྙན་གྱི་འོད་སྡེར། བོད་ཀྱི་ཁོར་ཡུག་གནས་སྟངས་ཀྱི་ཡིག་ཆ། རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་ཅ་དངོས་ཉོ་ཚོང་སྤྱོད་གསུམ་བྱ་མི་འོས་པའི་རྒྱུ་མཚན་གྱི་ཡིག་ཆ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་སྤྲོད་དེབ་ཆུང་། དམིགས་བསལ་གྱིས་སྐབས་འདིའི་ལས་འགུལ་གྱི་འབོད་སྐུལ་དོན་ཚན་གསུམ་ཅན་འཁོད་པའི་ཞུ་སྙན་བཅས་འབུལ་ལམ་ཞུས་པ་མ་ཟད། བོད་ཀྱི་གནས་བབ་ངོ་སྤྲོད་ཀྱིས་ད་བར་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག མ་འོངས་པར་ཡང་བོད་ཀྱི་གནད་དོན་ལ་སྔར་ལྷག་དོ་སྣང་དང་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཡང་ཞུ་རྒྱུ་བྱུང་ཡོད་པ་དང་། གྲོང་ཁྱེར་དང་གྲོང་བརྡལ་ཁག་གི་མི་མང་དང་སློབ་མ། ཚོང་པ། ལས་བྱེད་སོགས་ཀྱིས་སྐབས་འདིའི་ལས་འགུལ་གྱི་དགོས་འདུན་ལ་རྒྱབ་སྐྱོར་མཚན་རྟགས་བསྡུ་རུབ་ཤུགས་ཆེར་ཞུས་ཡོད་པ་རེད།
རྒྱ་གར་ལྷོ་ཕྱོགས་དང་དབུས་ཁུལ་གྱི་ལས་འགུལ་འདི་བཞིན་སྤྱི་ལོ་ ༢༠༡༨ ཟླ་བ་ ༡ ཚེས་ ༡༥ ཉིན་རྒྱ་གར་ཨག་ར་ས་གནས་ནས་མཇུག་བསྡོམས་ཞུས་ཡོད་པ་རེད།