སྤྱི་ལོ་༢༠༡༨ཟླ་བ་༣ཚེས་༡༠ཉིན་དེ་བཞིན་སྤྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྤེལ་ནས་ལོ་ངོ་ཧྲིལ་པོ་༡༠ཏག་ཏག་འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་།ལོ་དེའི་སྤྱི་ཟླ་༣ཚེས་༡༠ནས་༡༤བར་བོད་ས་ཁྱོན་ཡོངས་སུ་གཞིས་ལུས་སྤུན་ཟླ་ཁྲི་ཚོ་མང་པོས་རང་གི་གཅེས་པའི་ལུས་སྲོག་ལ་མ་འཛེམས་པར་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་ཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་པར་ཡ་ང་སྙིང་རྗེ་མེད་པའི་རྒྱ་ནག་སྲིད་གཞུང་གིས་དྲག་ཆས་དམག་མིས་དྲག་གནོན་ཤུགས་ཆེར་བྱས་ཏེ་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་མ་ཟད།གྲངས་ལས་འདས་པ་འཛིན་བཟུང་གིས་མནར་གཅོད་ཚད་མེད་བཏང་ཡོད།
ཉིན་དེ་ནི་༡༩༥༩ལོའི་རྗེས་ཀྱི་བོད་མིའི་ཞི་རྒོལ་ཞི་རྒྱ་ཆེ་ཤོས་ཤིག་ཆགས་ཡོད་པས།ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་ལ་དྲན་གསོ་དང་།སྐབས་དེའི་དྲག་གནོན་འོག་རྐྱེན་འདས་སུ་སོང་བར་གུས་འདུད།བཙོན་འཇུག་མནར་གཅོད་ཕོག་པའི་གཞིས་བཞུགས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་ཆེད་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་མཉམ་རུབ་ཀྱིས་སྤྱི་ལོ་༢༠༡༨ཟླ་བ་༣ཚེས་༡༠ནས་༡༤བར་བསྟུད་མར་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་བྱུང་དོན་ལྟར།སྤྱི་ཚེས་༡༤སྔ་དྲོ་ཚོུད་༡༠ཐོག་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་།བོད་ཀྱི་བེུད་ལྷན་ཚོགས།བོད་རྒྱལ་ཡོངས་མང་གཙོ་ཚོགས་པ།བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ལྔ་ཐོུང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལི་ཡི་གྲོས་ཚོགས་གཞུང་ལམ་ (Parliament Street) ཐོག་མི་མང་གི་སྐད་འབོད་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།
སྐབས་དེར་རོ་ཧི་ནི་ས་གནས་གཞོན་ནུའི་ཚོགས་མི་རོ་ཧི་ནི་སློབ་ཕྲུག་དང་བསམ་ཡས་གླིང་མི་མང།དེ་བཞིན་བྷོ་དྷ་བྷི་ཧར་མི་མང་བཅས་ཁྱོན་མི་མང་༡༥༠ཙམ་མཉམ་བཞུགས་ཀྱིས་ས་བྱི་ཞི་རྒོལ་གྱི་བོད་མིའི་མངོན་འདོད་དང་འབོད་ཚིག་ཁག་བསྒྲགས་ནས་སྐད་འབོད་གནང་རྗེས།ལས་འགུལ་གི་སྐུ་མགྲོན་གཙོ་བོ་མཁས་དབང་མྰ་དྷུ་ཁི་ཤི་ཝར་(ProffesorMadhuKishwar) མཆོག་ནས་བཀའ་སློབ་གསུང་བཤད་གནང་ཡོད། ཁོང་གིས་འདི་ལོར་བཙན་བྱོལ་བོད་གཞུང་གིས་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་ཞིག་སྤེལ་བཞིན་པར་རྒྱ་གར་གཞུང་གིས་མཉམ་བཞུགས་མ་གནང་བའི་རྣམ་འགྱུར་ལ་ཧ་ཅང་བློ་ཕམ་བྱུང་ཚུལ་དང་། བོད་རང་བཙན་ནི་བོད་མིའི་རང་ཆས་སུ་ཡོད་པའི་ཐོབ་ཐང་ཡིན་པས་བོད་མི་ཚོས་ངེས་པར་དུ་སོ་སོའི་ཐོབ་ཐང་འཐབ་རྩོད་བྱེད་བཞིན་པ་རྒྱུན་སྐྱོང་དགོས་པ་སོགས་གསུངས་ཡོད་པ་རེད།
གཞན་ཡང་སྐབས་དེའི་དམིགས་བསལ་སྐུལ་མགྲོན་བོད་དོན་རྒྱབ་སྐྱོར་བ་དང་རྩོམ་པ་པོ་ཝེ་ཅའི་ཁེ་རིན་དྷི་ (Mr. Vijay Kranti) ལགས་ཀྱིས་ཀྱང་བོད་ཀྱི་གནས་བབ་དང་བོད་དོན་འཐབ་རྩོད་རྒྱུན་སྐྱོང་དགོས་པ་སོགས་ཀྱི་ཐོག་ལ་གསུང་བཤད་གནང་ཡོད་པ་དང་། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་སྐུ་ཚབ་ཏུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་བོད་སྐད་ཐོག་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་བ་དང་། ལྷག་པར་དུ་བོད་མིའི་ཆིག་སྒྲིལ་ཧ་ཅང་གལ་ཆེན་ཡིན་སྐོར་གྱི་གསུང་བཤད་ཀྱང་གནང་ཡོད་པ་རེད། དེ་རྗེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རིན་ཆོས་ལགས་ནས་དབྱིན་སྐད་ནང་གསུང་བཤད་དང་མཐའ་མཇུག་དབུས་བེུད་ཀྱི་དྲུང་ཆེ་ཆོས་འཛོམས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་ལས་འགུལ་མཇུག་བསྒྲིལ་ཡོད་པ་རེད།