སྤྱི་ལོ་ ༡༩༥༩ རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་མ་ཟད།བཙན་གྱིས་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་དང་། བོད་མིའི་དབུ་ཁྲིད་དང་བོད་མིའི་འབོད་སྐུལ་མངོན་འདོད་སོགས་ལ་རྩིས་མེད་ཀྱིས་མུ་མཐུད་བོད་མིར་སྡུག་སྦྱོང་མནར་གཅོད་བཏང་བ་མ་ཟད།ལོ་དེའི་ཟླ་ ༣ ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱར་གནོད་གཞིའི་ལས་ངན་རྩོམ་ཆེད་དུ་༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་གཟིགས་མོར་ཕེབས་དགོས་ཚུལ་གྱི་གཡོ་ཇུས་བཏོན་ཡོད་པ་བོད་མི་ཚོས་ཤེས་རྟོགས་བྱུང་རྗེས་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ཆོལ་གསུམ་བོད་མི་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་གྱིས་ནོར་གླིང་ཕོ་བྲང་གི་མཐའ་སྐོར་ནས།“བོད་རང་བཙན་ཡིན་། ༸གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག རྒྱ་མི་བོད་ནས་ཕྱིར་ལོག་བྱེད་དགོས།”ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་པར་རྒྱ་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་བོད་མིའི་ཐོག་ཚད་ལས་འདས་པའི་དྲག་སྣོན་བྱས་ཏེ་བོད་མི་ཁྲི་ཚོ་མང་པོ་དམར་བསོད་བཏང་ཡོད་པ་དང་།བོད་མིའི་མགོན་སྐྱབས་དང་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་རྒྱ་གར་དུ་བཙན་བྱོལ་ལ་མི་ཕེབས་ཐབས་མེད་བྱུང་ཡོད་པས།དུས་དེ་ནས་བཟུང་ལོ་ལྟར་རྒྱལ་སྤྱིའི་ས་གནས་གང་སར་བོད་མི་ཚོས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བཞིན་པ་མ་ཟད།དེ་ཉིན་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་ཤུགས་དྲག་བྱེད་བཞིན་ཡོད་པས།སྤྱི་ལོ་༢༠༡༨ཟླ་བ་༣ཚེས་༩ཉིན་ཏེ་གསུམ་བཅུའི་དུས་དྲན་གྱི་སྔ་ནུར་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲིལ་བསྒྲགས་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་དང་།སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲིས་རྟགས་རྒྱས་ལགས་གཉིས་ཀྱི་སྣེ་ཁྲིད་འོག་རྒྱ་གར་རྒྱལ་ས་ལྡི་ལིའི་ཅཱ་ན་པུ་རིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རོ་ཧི་ནི་ས་གནས་གཞོན་ནུའི་སློབ་མ་༧༠ལྷག་དང་རྒྱ་གར་སློབ་མ།དེ་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་བཅས་ཁྱོན་མི་གྲངས་༨༠ཙམ་གྱིས་“བོད་རང་བཙན་ཡིན།བོད་ཀྱི་བདག་པོ་བོད་མི་ཡིན།རྒྱ་དམར་བོད་ནས་ཕྱིར་རྒྱུགས་”ཞེས་སྐད་འབོད་ལས་འགུལ་ཞིག་སྤེལ་ཡོད་པ་དང་།སྐབས་དེར་ལས་འགུལ་འགོ་འཛུགས་བྱས་རྗེས་ཀྱི་སྐར་མ་༡༠ཙམ་གྱི་རྗེས་ཏེ་སྔ་དྲོའི་ཚོུད་༡༡ཡོལ་ཙམ་ལ་རྒྱ་གར་གྲོང་ཁྱེར་ཉེན་རྟོགས་པ་དང་དམིགས་བསལ་ཉེན་རྟོགས་པ་དཔུང་ཁག་གཉིས་ཡོངས་ནས་དབུས་རྒྱུན་གྱིས་གཙོས་པའི་ལས་འགུལ་བ་ཡོངས་རྫོགས་འཛིན་བཟུང་བྱས་ཏེ་ཅཱ་ན་ཀ་པུ་རི་ཉེན་རྟོགས་བཀག་ཉར་ཁང་དུ་བཅུག་ཡོད་པ་རེད། དེ་ཉིན་བསམ་ཡས་གླིང་ས་གནས་གཞོན་ནུའི་རོགས་རམ་འོག་ཉེན་རྟོགས་བཀག་ཉར་ཁང་དུ་ལས་འགུལ་བ་ཚོར་ཉིན་གུང་ཞལ་ལག་བསྐྱལ་ཡོད་པ་དང་།བཀག་ཉར་འོག་ཡོད་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ནས་ལས་འགུལ་བ་སློབ་མ་ཚོར་བོད་ནང་གི་གནས་བབས་དང་བོད་ནང་གི་བཙོན་ཁང་ནང་གི་གནས་སྟངས་འགྲེལ་བརྗོད་གནང་ཡོད་པ་རེད།
དེ་ཉིན་ཕྱི་དྲོ་ཚོུད་༦ཡོལ་ཙམ་ལ་ལས་འགུལ་བ་ཡོངས་རྫོགས་གློད་གྲོལ་ཐོབ་ཡོད་པ་རེད།