བོད་དོན་རྒྱབ་སྐྱོར་བ་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཐོ་མ་སེ་མན་(Thomas Mann)མཆོག་དང་། སྐུ་ཞབས་སྰ་བྷ་སོ་གྷར་(Csaba Sogor)མཆོག སྐུ་ཞབས་རོ་མན་ཊི་མོ་ས་(Romon Tremosa)མཆོག་གསུམ་གྱིས་གཙོས་པའི་འབྲེལ་ཡོད་ལས་བྱེད་ཁག་གཅིག་ལས་གྲུབ་པའི་ཚོགས་ཆུང་ཞིག་སྤྱི་ལོ་ ༢༠༡༨ ཟླ་བ་ ༥ ཚེས་ ༨ ཉིན་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དབུས་པའི་བཀའ་ཤག་ལྷན་རྒྱས་དང་མཇལ་འཕྲད་གནང་ཡོད་པ་དང་། སྤྱི་ཚེས་ ༩ ཉིན་ཆེད་དུ་དུས་ཚོད་ཟུར་འདོན་གནང་བ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་དང་ཉམས་ཞིབ་པ་བསྟན་འཛིན་ནོར་འཛོམས་གཉིས་མེག་ལོར་ཆོས་ནོར་མགྲོན་ཁང་གྱི་ཚོམ་ཆེན་དུ་ཆེད་བཅར་གྱིས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་དང་མཇལ་འཕྲད་ཀྱིས་དུས་ཡུན་ཚོུད་གཉིས་ཙམ་རིང་བོད་ནང་གི་གནས་བབ་དང་བོད་མིའི་འཐབ་རྩོད། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ་གླེང་མོར་ལྷུག་པོར་གནང་བ་མ་ཟད། ཡོ་རོབ་ནང་ཡོད་པའི་སྐྱབས་བཅོལ་བའི་གནས་སྟངས་དང་གྲོས་ཚོགས་འཐུས་མི་ཁག་སོ་སོའི་རྒྱལ་ཁབ་ཀྱི་གནས་བབ་སོགས་ལ་ཡང་གླེང་མོར་གནང་ཡོད་པ་རེད།
སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་གནད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་ཡང་བོད་དོན་ལ་རྒྱབ་སྐྱོར་རྒྱུན་སྐྱོང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་པར་གྲོས་ཚོགས་འཐུས་མི་རྣམ་པས་བོད་ཀྱི་གནད་དོན་ལ་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད། བོད་མི་ཚོའི་ངོས་ནས་ཀྱང་སེམས་ཤུགས་མ་ཆགས་པར་བོད་དོན་འཐབ་རྩོད་མུ་མཐུད་བྱེད་དགོས་པ་སོགས་ཀྱི་དགོངས་འཆར་གནང་བ་དང་། དམིགས་བསལ་ཁ་ཐོ་ལོ་ནི་ཡ་(Catolonia)ནས་ཡིན་པའི་གྲོས་ཚོགས་འཐུས་མི་ཞིག་གིས་ཁ་ཐོ་ལོ་ནི་ཡའི་དར་ཆ་ཞིག་དྲན་བརྟེན་དུ་གནང་བ་དང་ལྷན། མ་འོངས་པར་ཁ་ཐོ་ལོ་ནི་ཡ་དང་བོད་ལ་རང་བཙན་ཐོབ་པའི་སྨོན་འདུན་ཡོད་ཅེས་གསུང་ཡོད་པ་རེད།