བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱི་བྱུང་རབས་མདོར་བསྡུས།

སྤྱི་ལོ་༡༩༥༩ལོར་རྒྱ་དམར་སྲིད་གཞུང་གིས་བོད་རྒྱལ་ཁབ་བཙན་བཟུང་བྱས་ནས་སྤུན་ཟླ་ཁྲི་ཁྲག་མང་པོའི་ཚེ་སྲོག་བཙན་འཛུལ་བའི་མེ་མདའི་ཁག་འོག་ཏུ་ཤོར་ནས་དྲག་གནོན་དང་གཉའ་གནོན་ལ་བཟོད་མ་ཐུབ་པར་རང་ཅག་གི་དབུ་ཁྲིད་དང་སྲིད་གཞུང་བཙན་བྱོལ་དུ་གྱར་ནས་བོད་མི་རྣམས་གཞིས་བྱེས་ཁ་ཐོར་བའི་དཀའ་སྡུག་དང་། མ་བུ་ཁ་བྲལ་གྱི་སྡུག་བསྔལ། མིང་སྲིང་འདས་གྲོངས་སོགས་ཀྱི་སྡུག་བསྔལ་དང་དཀའ་སྡུག་སྣ་མང་འཕྲད་བཞིན་པའི་དུས་སྐབས་སུ། གཞིས་བྱེས་མཉམ་འཛོམས་དང་རྒྱལ་ཁབ་སླར་གསོའི་འཐབ་བརྩོད་ཀྱི་སྙིང་སྟོབས་དང་། ལྷག་བསམ། རིགས་གཞེན། ལ་རྒྱའི་གསོན་ཤུགས་བཅས་ལྡན་པའི་བྱེས་གྱར་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་རྒྱ་དམར་གྱི་ཧམ་བཟུང་བྱས་པའི་བོད་མི་རིགས་ཀྱི་ཕ་ས་དང་ཕ་གཞིས་དེ་རང་ལག་ཏུ་ལེན་ནས་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་དང། བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས། ཆོལ་ཁ་དང་ཆོས་ལུགས། ཕོ་མོ་དང་རིགས་རུས། གྲལ་རིམས་སོགས་ཀྱི་དབྱེ་བ་མེད་པར་བོད་མིའི་ཆིག་སྒྲིལ་གོང་མཐོར་སྤེལ་ཐབས། དེ་བཞིན་བོད་ཀྱི་ཐུན་མིན་སྐད་ཡིག་རིག་གཞུང་སྲུང་སྐྱོབ་བཅས་ལ་སྤྱིར་བོད་རིགས་ཡོངས་ད་ལྷག་པར་གཞོན་སྐྱེས་ཚོས་ནུས་པ་ཕྱོགས་གཅིག་ཏུ་སྤུངས་སའི་སྡིང་ཆ་གལ་ཆེན་ཞིག་ལ་དམིགས་ཏེ་ལས་འགུལ་རང་བཞིན་གྱི་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་སྤྱི་ལོ་ ༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་བཞུགས་སྒར་རྡ་རམ་ས་ལར་གསར་འཛུགས་གནང་བ་ཞིག་ཡིན།

གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ནི་བཙན་བྱོལ་གྱི་དབུས་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི། དེ་བཞིན་འཛམ་གླིང་ནང་ཡོངས་ཁྱབ་ཀྱིས་ཁས་ལེན་ཡོད་པའི་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ཤིག་དང་། ལས་དོན་ཐ་དག་ཚད་ལྡན་གྱི་སྒྲིག་གཞི་དང་མང་གཙོའི་གྲོ་ལུགས་གཞིར་བཞག་ནས་གཉེར་བཞིན་པའི་རང་དབང་ཅན་གྱི་ལྷན་ཚོགས་ཤིག་ཡིན། མ་ཟད་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་བོད་མི་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་ཚོགས་པ་ཆེ་ཤོས་ཤིག་དང་། ཆབ་སྲིད་དང་། རིག་གཞུང་། སྤྱི་ཚོགས་ཞབས་སུ་སོགས་ཀྱི་ལས་དོན་ཁག་ལ་ཆེས་ཧུར་བརྩོན་དང་ནུས་པ་ལྡན་པའི་ལྷན་ཚོགས་ཤིག་ཏུ་གྱུར་ནས་ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་ཚོགས་མི་སུམ་ཁྲི་ལྔ་སྟོང་ལྷག་ཡོད་པ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཕྱི་ལོ་ ༡༩༧༠ ཟླ་ ༡༠ ཚེས་ ༧ ཉིན་གཞུགས་སྒར་རྡ་རམ་ས་ལར་དབུ་བརྙེས་ཤིང་དབུ་འབྱེད་མཛད་སྒོའི་ཐོག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པ་དང་སྦྲགས་དབུ་འབྱེད་ཀྱི་བཀའ་སློབ་བསྩལ་གནང་ཡོད་པ་རེད།

སྤྱི་ལོ་ ༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་སྐབས་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་འཕྲེང་བཅུ་བཞི་བ་མཆོག་དབུ་འབྱེད་མཛད་སྒོའི་ཐོག་ཏུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་དབུ་འབྱེད་ཀྱི་བཀའ་སློབ་བསྩལ་བ་མ་ཟད། སྐབས་དེའི་ཚོགས་ཆེན་སྐབས་ང་རྗེས་ཐེངས་གསུམ་ཞབས་གསོར་བཀའ་དྲིན་བསྐྱངས་ནས་བོད་རིགས་གཞོན་སྐྱེས་ཚོར་ ༼ དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ལྷག་བསམ་དེ་རི་བཙུགས་པ་ནང་བཞིན་འགྱུར་བ་མེད་པའི་ཐོག་ལ་མདུན་ནས་མདུན་དུ་འགྲོ་ཐུབ་པ་ཞིག་དགོས། ༽ ཅེས་པ་སོགས་འཐབ་རྩོད་ཀྱི་བླ་སྲོག་ལྟ་བུའི་བཀའ་སློབ་ཟབ་མོ་ཕེབས་པ་དང། སྐབས་དེར་རང་གཞུང་གི་བཀའ་བློན་རྣམ་པ་ཡང་མཛད་སྒོའི་ཐོག་ཕེབས་ནས་བཀའ་སློབ་གསུང་བཤད་དང་དོགས་གཅོད་བཀའ་འདྲི་སོགས་དག་ཐེར་གནད་སྨིན་ཞུས་པ་དང་། རིམ་པས་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་སྒྲིག་གཞི་གཏན་འབེབས་ཀྱིས། སྒྲིག་འཛུགས་ཐོག་མར་དབུ་བརྙེས་པ་ནས་བཟུང་ལོ་ལྟར་འགན་འཛིན་ལྷན་ཚོགས་ཐེངས་རེ་དང་། ལོ་གསུམ་རེའི་མཚམས་སུ་ཚོགས་ཆེན་རེ་བཅས་ཚོགས་ཏེ་ཆབ་སྲིད་དང་། དམངས་གཙོ། ཆོས་ཕྱོགས། རིག་གཞུང་མི་ཉམས་གོང་སྤེལ། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐོག་ཅི་དགེའི་བགྲོ་གླེང་མཐར་ཕྱིན་དང་འབྲེལ། མཐའ་དོན་གྲོས་ཆོད་གཏན་འབེབས་ཀྱིས་ལག་ལེན་འགེལ་བཞིན་ཡོད་པ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་གསར་འཛུགས་གནང་སྐབས་ཀྱི་འགན་འཁུར་བ་ནི་བཀྲས་མཐོང་བསྟན་འཛིན་དགེ་འབྱེད་ལགས་། བཀའ་བློན་ཁྲི་ཟུར་བསོད་ནམས་སྟོབས་རྒྱལ་ལགས། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས། རྒྱལ་རི་བློ་གྲོས་རྒྱལ་མཚན་ལགས་བཅས་ཡིན།