བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ དེ་བཞིན་སྤྱི་ལོ་ ༢༠༡༧ ཟླ་བ་ ༨ ཚེས་ ༢༩ ནས་ཟླ་བ་ ༩ ཚེས་ ༢ བར་དུས་ཡུན་ཉིན་ལྔའི་རིང་སྦེང་ལོར་བོད་ཁྱིམ་ཚོགས་ཁང་དུ་ཚོགས་ཡོད་པ་རེད།
སྤྱི་ཟླ་ ༨ ཚེས་ ༢ ཉིན་སྔ་དྲོ་ཚོུད་ ༨།༣༠ ཐོག་འགན་འཛིན་ལྷན་ཚོགས་དབུ་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་ཁྲིམས་ཀྱི་སློབ་གྲྭ་ཆེན་མོའི་ཉེ་བའི་རིག་བདག་མཁས་དབང་ཝན་ཁ་ཏ་རེའོ་ (Prof. (Dr.) R. VenkataRao) མཆོག་དང་། དམིགས་བསལ་སྐུ་མགྲོན་ཁ་ན་ཊ་ཀ་མངའ་སྡེའི་སྦི་ཅེ་སྦི་ཆབས་སྲིད་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཊེ་ཅ་སེ་ཝི་སུར་ཡ་ (Tejasvi Surya) མཆོག དམག་སྤྱི་ཟུར་པ་སྐུ་ཞབས་ཕི་ཇི་ཁ་མ་དྷ་ (Veteran Lieutenant Gen. PG Kamath) མཆོག སྦེང་ལོར་གནས་བཞུགས་ལྷོ་སྤྱི་ཆོས་འཕེལ་ལགས། སྦེང་ལོར་བོད་ཁྱིམ་གྱི་འགན་འཛིན་དོན་གྲུབ་ལགས། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ས་གཞོན་རྒྱུན་ཟུར་བཅས་ཕེབས་ཡོད་པ་རེད། སྐབས་དེར་གཞོན་ལྷན་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ཀྱི་གཙོ་སྐྱོང་འོག་ཐོག་མར་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་གཞོན་ནུའི་མཐུན་གཞས་བཏང་ཟིན་མཚམས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ངག་བཅད་ཀྱིས་མྱང་ངན་གུས་འདུད་ཞུས་པ་དང་། དེ་རྗེས་དམིགས་བསལ་སྐུ་མགྲོན་རྣམ་པ་གཉིས་ནས་སྤྱིར་བོད་དོན་འཐབ་རྩོད་དང་འབྲེལ་བའི་གནས་བབ་དང་། བོད་མི་ཚོས་རྡོག་རྩ་གཅིག་སྒྲིལ་ངང་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་སོགས་ཀྱི་བཀའ་སློབ་རིམ་པར་གནང་ཡོད་པ་རེད། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དང་འགན་འཛིན་ལྷན་ཚོགས་ཀྱི་ཐོག་ལ་གསུང་བཤད་ཡང་གནང་ཡོད་པ་རེད།
བཀའ་སློབ་གསུང་བཤད་ཀྱི་ལས་རིམ་གྲུབ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་བཅུ་གཉིས་ཐོན་པའི་བོད་ཡིག་ཡིག་རྒྱུགས་རྩེ་ཕུད་སོན་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཀྲིན་རྗེས་དྲན་གྱི་བྱ་དགའ་གནང་ཡོད་པ་དང་། བོད་ཕྱི་ནང་གཉིས་སུ་བོད་མི་ ༡༦༠ ལྷག་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་རང་ལུས་མེར་བསྲེགས་བཏང་གནང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་དང་། ཞལ་ཆེམས་ལོ་རྒྱུས་སོགས་འཁོད་པའི་དྲ་རྒྱ་གསར་པ་དབུ་འབྱེད་གནང། དེ་རྗེས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་དང་བཅས་འགན་ལྷན་དབུ་འཛུགས་ཀྱི་མཛད་སྒོ་གྲུབ་ཡོད་པ་རེད།
གཞན་ཡང་འགན་འཛིན་ལྷན་ཚོགས་ཉིན་ལྔའི་རིང་བོད་ཀྱི་ཆབ་སྲིད་འཐབ་རྩོད་དང་། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་འཕྱ། བོད་མི་ནང་ཁུལ་གྱི་མཐུན་ལམ། གཞོན་སྐྱེས་ཀྱི་འགན་ཁུར། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་དང་དབུས་སའི་སྒྲིག་འཛུགས་སྲ་བརྟན་སོགས་བརྗོད་གཞི་དོན་ཚན་ཁག་དགུ་ལ་གྲོས་བསྡུར་སྦྱང་བཤད་ལྷུག་པོར་གནང་བའི་མཐར་གྲོས་ཆོད་གཏན་འབེབས་ཀྱིས་ཟླ་བ་ ༩ ཚེས་ ༢ ཉིན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༤༨ པ་དེ་ཡོངས་སུ་གྲུབ་ཡོད་པ་རེད།
སྐབས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ ༢༨ ཀྱི་སྐུ་ཚབ་རྒྱུན་ལས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་མཉམ་བཞུགས་གནང་ཡོད་པ་དང་། འགན་འཛིན་ལྷན་ཚོགས་ཀྱི་གོ་སྒྲིག་འགན་ཁུར་འོག་དབུས་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་། སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲིས་རྟགས་རྒྱས་ལགས། དཔལ་འབྱོར་འགན་འཛིན་བདེ་སྐྱིད་ལྷ་མོ་ལགས། དེ་བཞིན་སྦེང་ལོར་ས་གནས་གཞོན་ནུའི་རྒྱུན་ལས་དང་ཚོགས་མི་བཅས་ནས་མཐུན་འགྱུར་རོགས་རམ་གནང་ཡོད་པ་རེད།