འགན་འཛིན་ལྷན་ཚོགས་ཐེངས་ ༤༩ པ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༩ དེ་བཞིན་སྤྱི་ལོ་ ༢༠༡༨ ཟླ་བ་ ༨ ཚེས་ ༦ ནས་ ༡༠ བར་དུས་ཡུན་ཉིན་ལྔའི་རིང་རྡེ་ར་ལྡུན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་པོ་ཊཱ་ལ་ཚོགས་ཁང་ནང་ཚོགས་ཡོད་པ་རེད།

སྤྱི་ཟླ་ ༨ ཚེས་ ༦ ཉིན་སྔ་དྲོ་ཚོུད་ ༩།༠༠ ཐོག་བོད་མའི་སྒྲིག་འཛུགས་ཀྱི་བཀའ་བློན་ཟུར་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ཟུར་པ་རྒྱ་རི་སྒྲོལ་མ་ལགས་སྐུ་མགྲོན་གཙོ་བོ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ཟུར་པ་སྤེན་པཱ་ཚེ་རིང་ལགས་དང་ཡེ་ཤེས་མཐར་ཕྱིན་ལགས། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བརྒྱ་དཔོན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་བཅས་སྐུ་མགྲོན་དུ་ཕེབས་ཡོད་པ་དང་། ས་གནས་གཞོན་ནུ་ཁག་གི་སྐུ་ཚབ་ཚོགས་བཅར་བ་བརྒྱ་ལྷག་འདུ་འཛོམས་ཐོག་ཚོགས་ཆེན་དབུ་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད་པ་རེད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ཀྱིས་མཛད་སྒོ་གཙོ་སྐྱོང་གནང་ནས་ཐོག་མར་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་རྒྱ་གར་རྒྱལ་གླུ། གཞོན་ནུའི་མཐུན་གཞས་བཅས་བཏང་ཟིན་མཚམས། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོར་ངག་བཅད་ཀྱི་མྱང་ངན་གུས་འདུད་ཞུས་པ་དང་། དེ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་འགན་ལྷན་ངོ་སྤྲོད་དང་། བོད་ཀྱི་ཆབ་སྲིད་གནས་བབ། གཞོན་སྐྱེས་ཀྱི་འགན་ཁུར་དང་བོད་དོན་འཐབ་རྩོད་བཅས་ཀྱི་ཐོག་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ཀྱི་གལ་གནད་དང་བོད་མིའི་ཆིག་སྒྲིལ། བོད་མིའི་འཐབ་རྩོད་ལ་འགན་ཁུར་བཅས་ཀྱི་ཐོག་བཀའ་སློབ་གནང།  བཀའ་སློབ་གྲུབ་རྗེས་བདེ་སྐྱིད་གླིང་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་སྐུ་མགྲོན་གཙོ་བོས་དབུས་པའི་སྐུ་མགྲོན་ཡོངས་ལ་དྲན་རྟེན་ཕྱག་རྟགས་འབུལ་ལམ་ཞུས། དེ་རྗེས་གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་འགན་ལྷན་དབུ་འཛུགས་ཀྱི་མཛད་སྒོ་གྲུབ་ཡོད་པ་རེད།

གཞན་ཡང་འགན་འཛིན་ལྷན་ཚོགས་ཉིན་ལྔའི་རིང་བོད་ཀྱི་ཆབ་སྲིད་འཐབ་རྩོད་དང་། སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ། བོད་མི་ནང་ཁུལ་གྱི་མཐུན་ལམ། གཞོན་སྐྱེས་ཀྱི་འགན་ཁུར། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་དང་དབུས་སའི་སྒྲིག་འཛུགས་སྲ་བརྟན་སོགས་ཀྱི་བརྗོད་གཞིའི་ཐོག་གྲོས་བསྡུར་སྦྱང་བཤད་ལྷུག་པོར་གནང་བའི་མཐར་གྲོས་ཆོད་གཏན་འབེབས་ཀྱིས་ཟླ་བ་ ༨ ཚེས་ ༡༠ ཉིན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཐེངས་ ༤༩ པ་དེ་ཡོངས་སུ་གྲུབ་ཡོད་པ་རེད།

སྐབས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་ཐོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁག་ཀྱི་སྐུ་ཚབ་རྒྱུན་ལས་ཁྱོན་མི་གྲངས་ ༡༠༠ ལྷག་ཙམ་མཉམ་བཞུགས་གནང་ཡོད་པ་དང་། འགན་འཛིན་ལྷན་ཚོགས་ཀྱི་གོ་སྒྲིག་སྣེ་ཁྲིད་པ་དབུས་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་། སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་ལགས། ཕྱི་འབྲེལ་འགན་འཛིན་ཉི་མ་གཡང་འཛོམས་ལགས་གསུམ་དང་གོ་སྒྲིག་པ་བདེ་སྐྱིད་གླིང་ས་གནས་གཞོན་ནུས་གནང་ཡོད་པ་རེད།