༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དར་ཆ་ནི། གཞི་ཁ་དོག་སེར་པོའི་སྟེང་བོད་ཀྱི་ས་ཁྲ་ཁ་དོག་ལྗང་ཁུ་དང། དབྱིབས་ཟུར་བཞི་ནར་མོ་ཅན་ཞིག་ཡོད། དེ་ཡང་གཞེ་སེར་པོ་ནི་བོད་ཀྱི་ཁྱད་ནོར་གྱི་གཞི་རྟེན་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གསེར་གཙོ་མ་ལྟ་བུས་ཡོངས་སུ་ཁྱབ་པའི་བོད་ཆོས་ལྡན་གྱི་ཞིང་མཚོན་པ་ཡིན། དེའི་སྟེང་བོད་ཀྱི་ས་ཁྲ་བཀོད་པ་ནི། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་རང་དབང་རང་བཙན་གྱི་རྒྱལ་ཁབ་དེ་རང་ལག་ཏུ་སོན་པར་བྱེད་རྒྱུའི་དྲན་རྟེན་དུ་བཀོད་པ་དང། ས་ཁྲའི་ཁ་དོག་ལྗང་ཁུ་ནི། གཞིས་བྱེས་བོད་མི་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་དགུང་ཁམས་དང་མཐུན་པ་ཡིན།