༄༅། །རྒྱལ་གཅེས་འཐབ་གྲོགས་གཅིག་གྱུར་ས་གནས་གཞོན་ནུའི་ཚོགས་གཙོ་རྒྱུན་ལས་ཡོངས་ལ།
ཆེད་ཞུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་ ༡༥ པའི་རྒྱུན་ལས་ཡོངས་ནས་ཐོག་མར་ས་གནས་གཞོན་ལྷན་ཁག་གི་ཚོགས་གཙོ་གཙོས་པའི་རྒྱུན་ལས་དང་ཚོགས་མི་ཡོངས་ལ་འཚམ་འདྲི་ཞུ་རྒྱུ་དང་། མཁྱེན་གསལ་ལྟར་ཉེ་ཆར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ནས་༧སྐུ་ཉིད་སྤྱི་ཟླ་ ༨ ཚེས་ ༡ ནས་བདུན་ཕྲག་གསུམ་རིང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་དུ་སྐུ་མཚམས་ལ་བཞུགས་རྒྱུ་དང་དེའི་རིང་རང་རིགས་ནས་ཉི་མ་རེ་ལ་མ་ཎི་སྟོང་ཕྲག་རེ་དང་། ཤེས་རབ་སྙིང་པོ་ཚར་གཉིས་རེ། འཕགས་པ་སྤྱན་རས་གཟིགས་ཀྱི་སྟོད་པ་ཚར་གཅིག་རེ་བཅས་རྒྱུན་མ་ཆད་པར་འདོན་ཐུབ་པ་བྱུང་ན་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་རྒྱུར་འབྲེལ་བ་ཆེས་ཆེན་པོ་ཡོད་པ་གསུངས་དོན་དང་། དེ་བཞིན་འདི་ལོའི་གཞོན་ལྷན་ཚོགས་ཆེན་ཐེངས་༡༥པའི་གྲོས་གཞི་དོན་ཚན་བཞི་པའི་ནང་སེས་ཁ་བའི་གྲོས་ཆོད་གཉིས་པའི་དགོངས་དོན་བཞིན་སྐུ་ལུས་མེར་བསྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སླད་གཞོན་ལྷན་དབུས་ཀྱི་གཏན་འབེབས་འོག་ས་གཞོན་ཁག་ནས་ཉིན་བརྒྱ་དུས་གཅིག་ཏུ་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞུ་རྒྱུའི་གྲོས་ཆོད་ཀྱི་དགོངས་དོན་ལྟར་བོད་རྒྱལ་ལོ་ ༢༡༤༠ ཟླ་བ་ ༧ ཚེས་ ༡༠ སྤྱི་ལོ་ ༢༠༡༣ ཟླ་བ་ ༨ ཚེས་ ༡༦ རེས་གཟའ་པ་སངས་ཉིན་དགེ་བར་བོད་ཀྱི་གཞོན་ལྷན་ས་གནས་ཁག་ཡོངས་ནས་ཉིན་བརྒྱ་དུས་གཅིག་ཏུ་རང་ཅག་ལྷ་མི་ཡོངས་དང་། ལྷག་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཡིད་ལ་བརྣག་པའི་འདོད་དོན་ཏེ་བོད་དོན་བདེན་མཐའ་མྱུར་དུ་གསལ་ཐབས་སུ་གཞི་རྒྱ་ཆེ་བའི་མཆོད་འབུལ་སྨོན་ལམ་ཞིག་གོ་སྒྲིག་ཞུ་དགོས་པ་དང་། ༧གོང་ས་མཆོག་སྐུ་མཚམས་བཞུགས་རིང་གཞོན་ལྷན་ཚོགས་མི་ཡོངས་ནས་ཉིན་ལྟར་མ་ནི་དང་ཤེར་སྙིང་། འཕགས་སྟོད་སོགས་གང་མང་གསོག་སྒྲུབ་དགོས་པའི་བཀོད་ཁྱབ་ཏུ།།
གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༠ ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༡ ལ།། །།