༄༅། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པའི་གྲོས་གཞི་དོན་ཚན་བདུན་པའི་གྲོས་ཆོད་ཀྱི་དགོངས་དོན་དང། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཀྱང་རྒྱ་གར་གཞུང་ལ་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་པར་འཕྱར་བ་གྲུ་འདེབས་སོགས་ཀྱི་སླད། འདི་ལོའི་སྤྱི་ལོ་ ༢༠༡༨ ཟླ་བ་ ༦ ཚེས་ ༡ ནས་ ༡༠ བར་ཉིན་གྲངས་བཅུ་ཡི་རིང་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་རྒྱ་གར་གཞུང་དམངས་གཉིས་ལ་བཀྲིན་ཆེ་ཞེས་པའི་བརྗོད་གཞིའི་འོག་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆེན་མོ་ཞིག་དབུས་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གོ་སྒྲིག་ཞུས་ཡོད་པ་རེད།
ཐེངས་འདིའི་རྒྱ་གར་གཞུང་དམངས་གཉིས་ལ་ཐུགས་རྗེ་ཞུ་རྒྱུའི་རྒྱལ་སྤྱིའི་བོད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་ཉིན་དང་པོའི་དབུ་འབྱེད་མཛད་སྒོ་དེ་བཞིན་སྤྱི་ཟླ་ ༦ ཚེས་ ༡ ཉིན་གྱི་ཞོགས་པ་ཕྱག་ཚོད་ ༩ ཐོག་རྡ་སྟེང་བོད་ཁྱིམ་སློབ་གྲྭའི་རྩེད་ཐང་དུ་གོ་སྒྲིག་ཞུས། དེ་ཉིན་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྐོུ་ཨཅྰརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང། དམིགས་གསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨ་ཇའི་སིང་མོན་གྷོ་ཊི་ཡ་ Ajay Singh Mankotia མཆོག དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་དང་སེར་སྐྱ་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད།
མཛད་སྒོའི་དབུ་འབྱེད་སྐབས་དབུས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་འདི་ལོ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་རྩེད་འགྲན་འདིའི་དམིགས་ཡུལ་གཙོ་བ་ནི་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་ཞུ་རྒྱུ་ཙམ་མ་ཟད། རྩེད་རིགས་ཀྱི་ལམ་ནས་རང་རེའི་གཞོན་སྐྱེས་ནང་ཁུལ་མཐུན་ལམ་དང་འཕྲོད་སྟེན། ཆིག་སྒྲིལ་བཅས་ལ་དམིགས་ཏེ་གོ་སྒྲིག་ཞུས་པ་སོགས་གཏམ་བཤད་གནང། དེ་རྗེས་དམིགས་གསལ་སྐུ་མགྲོན་མཆོག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་བོད་མི་དང་རྒྱ་གར་ཡུལ་མི་དབར་མཛའ་མཐུན་གོང་འཕེལ་ཡོང་སླད་རྩེད་འགྲན་འདི་ལྟ་བུ་ཞིག་གོ་སྒྲིག་ཞུས་པར་བསྔགས་བརྗོད་དང་འབྲེལ། མ་འོངས་པར་བོད་རིགས་གཞོན་སྐྱེས་ཚོས་ས་གནས་ཡུལ་མི་དབར་མཛའ་མཐུན་གོང་འཕེལ་ཆེད་འདི་ལྟ་བུའི་རྩེད་འགྲན་གོ་སྒྲིག་གནང་དགོས་པ་སོགས་ཀྱི་ཐད་གཏམ་བཤད་གནང། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་རྩེད་འགྲན་པ་ཚོས་རྐང་རྩེད་སྤོ་ལོ་རྩེད་པ་ཙམ་མིན་པར་རྩེད་འགྲན་དེའི་དགོས་དམིགས་མཁྱེན་དགོས་པ་དང། ལྷག་པར་དུ་རྩེད་འགྲན་སྐབས་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་ལམ་ནས་རྩེད་འགྲན་གནང་དགོས་པའི་གལ་ནད་སོགས་ཀྱི་ཐད་གསུང་བཤད་གནང།
དབུ་འབྱེད་མཛད་སྒོ་གྲུབ་པའི་རྗེས་ས་གནས་ཡུལ་མི་དང་བོད་མིའི་དབར་མཛའ་མཐུན་མཉམ་གནས་གོང་འཕེལ་ཡོང་སླད། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མིའི་དབར་རྩེད་འགྲན་གནང་རྗེས། རྩེད་འགྲན་དངོས་གཞི་ཉིན་རྒྱབ་ཕྱག་ཚོད་ ༡༢ ཐོག་དབུ་འཛུགས་ཀྱིས་ཐོག་མིའི་རྩེད་འགྲན་ནང་མོན་གྷོ་ས་གནས་གཞོན་ནུའི་རུ་ཁག་དང་མ་ན་ལི་ས་གནས་གཞོན་ནུའི་རུ་ཁག་དབར་རྩེད་འགྲན་གནང་ཡོད་ལ། དེ་བཞིན་རུ་ཁག་གཞན་རྣམས་ཀྱང་ཉིན་གྲངས་བཅུ་ཡི་རིང་ནང་ཁུལ་རྩེད་འགྲན་གནང་རྗེས། ཕྱི་ཟླ་ ༦ ཚེས་ ༡༠ ཉིན་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་ལགས་དབུ་ཞུགས་ཐོག་མཐའ་མའི་འགྲན་རྩོད་ནང་ཡོད་པ་དང།
མཐའ་མིའི་རྩེད་འགྲན་ནང་དམག་མིའི་རུ་ཁག་དང་བདེ་སྐྱེད་གླིང་ས་གནས་གཞོན་ནུའི་རུ་ཁག་དབར་རྩེད་འགྲན་གྱིས་མཐར་དམག་མིའི་རུ་ཁག་ལ་ཨང་དང་པོའི་གཟེངས་རྟགས་ཀྱི་བྱ་དགའ་ཧིན་སྒོར་འབུམ་གཅིག་རྒྱལ་ཁ་ཐོབ་ཡོད་པ་དང། བདེ་སྐྱིད་གླིང་ས་གནས་གཞོན་ནུའི་རུ་ཁག་ལ་ཨང་གཉིས་པའི་གཟེངས་རྟགས་ཀྱི་བྱ་དགའ་ཧིན་སྒོར་སྟོང་ཕྲག་ལྔ་བཅུའི་རྒྱལ་ཁག་ཐོབ་ཡོད། དེ་བཞིན་རྩེད་འགྲན་པའི་ནང་ནས་རྩེད་འགྲན་པ་ལེགས་ཤོས་དེ་དམགས་མིའི་རུ་ཁག་གི་འཕྲིན་ལས་ལ་ཐོབ་ཡོད་པ་དང། སྒོ་སྲུང་ལེགས་ཤོས་ཀྱི་གཟེངས་རྟགས་བདེ་སྐྱིད་གླིང་གཞོན་ལྷན་རུ་ཁག་གི་སྒོ་སྲུང་བར་ཐོབ་ཡོད་པ་རེད།
འདི་ལོའི་རྒྱལ་སྤྱིའི་བོད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ས་གནས་ཁག་བཅུ་དྲུག་ཀྱི་རུ་ཁག་མཉམ་ཞུགས་གནང་ཡོད་པ་དང་། ཁྱོན་ན་གཞོན་གྲངས་ ༢༤༠ ཙམ་གྱིས་རྩེད་འགྲན་གྱི་ཆ་ཤས་བླངས་ཡོད་པ་རེད།
དེ་ཉིན་འཇུག་བསྡོམས་མཛད་སྒོའི་སྐབས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་དབར་རྩེད་འགྲན་གྱི་བྱ་དགའ་དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨ་ཇའི་སིང་མོན་གྷོ་ཊི་ཡ་ Ajay Singh Mankotia མཆོག་ནས་གསོལ་བསྩལ་གནང། དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་ནས་རྐང་རྩེད་སྤོ་ལོའི་ཨང་དང་པོ་དང། ཨང་གཉིས་པའི་བྱ་དགའ་གསོལ་བསྩལ་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་འཇུག་སྒྲིལ་ཞུས།