བོད་གཞུང་བཙན་བྱོལ་དུ་འབྱོར་ནས་བར་སྟོང་བཅུ་ཕྲག་གཉིས་ཙམ་གྱི་རྗེས་སུ་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་འབྲེལ་མཐུད་འཛུགས་རྒྱུའི་འདོད་མོས་ཡོད་སྐོར་ཚོད་བགམ་འདྲི་ཞིབ་ཀྱི་ཚུལ་དུ་ཁོ་ཚོའི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་ཧོང་ཀོང་ནང་འགྲེལ་བརྗོད་བྱེད་བཞིན་ཡོད་སྟབས། ༸གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་བཟང་ཕྱོགས་ཀྱི་ལན་འདེབས་བྱས་པའི་འབྲས་བུར་བརྒྱུད་རིམ་ལྡན་པའི་དངོས་ཐོག་བདེན་འཚོལ་གྱི་གཟིགས་སྐོར་སྐུ་ཚབ་བོད་ནང་ཕེབས་ཐུབ་ཡོད་པ་དང་རྒྱ་ནག་ནང་མྱུལ་ཞིབ་དོན་གཅོད་བསྐྱོད་ཐུབ་པ་བྱུང་ཡོད། བརྒྱུད་རིམ་ཡོངས་རྫོགས་སུ་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་གཞུང་དང་དངོས་གསལ་དོད་ལ་ལྷག་བསམ་རྣམ་དག་གི་ཀུན་སློང་ཐོག་ནས་བསྟུན་ཅི་ཐུབ་བྱས་ཡོད་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་ཡུན་རིང་པོ་ཞིག་ནས་རྒྱ་ནག་གི་ཁེ་ཕན་ལ་མཐུན་འགྱུར་ཡོང་ཕྱིར་སྣེ་ཁྲིད་རིམ་པ་བསྟར་ཆགས་སུ་དུ་མ་མཛད་ཡོད་པའི་ཁྲོད་ནས་ ༡༩༨༧ ལོའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང་དེའི་རྗེས་འབྲས་སུ་ ༡༩༨༨ ལོའི་སི་ཏྲར་སི་བྷོར་ཀིའི་དགོངས་འཆར་ལྟ་བུ་རེད། རྒྱ་ནག་གཞུང་གིས་ཚུལ་དང་མཐུན་པ་བཟང་ཕྱོགས་ཀྱི་ལན་འདེབས་བྱ་རྒྱུའི་ཚབ་ཏུ་བོད་ཀྱི་གནད་དོན་དེ་༸གོང་ས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་བདེ་དོན་གྱི་གནད་དོན་ཞིག་ཏུ་བསྒྱུར་རྩིས་ཀྱི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་དང་བྱེད་བཞིན་པ་ཡིན་པ་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་ཀུན་སློང་ཕྱི་ལོ་ ༡༩༩༢ ཟླ་ ༩ པའི་ནང་བོད་ཀྱི་གནས་སྟངས་སྐོར་ལ་ཡིག་ཆ་དཀར་པོ་ཟེར་བ་ཞིག་བཏོན་པ་དེས་གསལ་པོ་བསྟན་ཡོད་པ་རེད། ཡིག་ཆ་དེས་བོད་ཀྱི་སྐོར་ལ་རྒྱ་ནག་གི་ཡང་ཡང་ལུང་འདྲེན་བྱེད་པའི་རྩོད་གཞི་རྣམས་བསྐྱར་བཟློས་བྱས་ཡོད་པས་མ་ཚད་ད་ལྟའི་རྒྱ་ནག་གི་ཆབ་སྲིད་ཁེ་ཕན་ཡོང་ཕྱིར་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ཡོད་པ་རེད། དེའི་རྐྱེན་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ “འདུ་ཤེས་གཙང་མ་ཞིག་གི་ཐོག་ནས་བལྟས་ན་ངས་མ་འོངས་པར་སྲིད་བྱུས་འདིར་ཡུན་རིང་པོར་བསྟུན་ཐུབ་ས་མ་རེད། ངའི་ལས་འགན་ནི་མ་འོངས་པའི་དུས་ཚོད་ནང་བོད་རང་དབང་འཐབ་རྩོད་ཀྱི་ལང་ཕྱོགས་ཇི་ལྟར་འཛིན་པ་བོད་རྒྱ་ཆེ་མི་དམངས་ལ་བཀའ་མོལ་གནང་རྒྱུ་དེ་རེད་” ཅེས་གསུངས་ཡོད་པ་རེད།
རྩ་འཛིན་སྲིད་བྱུས་འདི་ལ་གཞིར་བཅོལ་ནས་བཙན་བྱོལ་བོད་གཞུང་གིས་འབྱུང་འགྱུར་བོད་ཀྱི་བྱ་སྤྱོད་སྤེལ་གཞིའི་ལང་ཕྱོགས་ ༡༽ དབུ་མའི་ལམ། ༢༽ རང་བཙན། ༣༽ རང་ཐག་རང་གཅོད། ༤༽ བདེན་པའི་ཨུ་ཚུགས་བཅས་གནད་དོན་བཞིའི་ཐོག་མང་མོས་ཐག་གཅོད་བྱ་རྒྱུའི་དུས་ཚོད་རྒྱས་བཅད་བཟོས་ཡོད་པ་རེད། མང་མོས་འོས་བསྡུའི་ཆེད་དུ་གོང་འཁོད་ཀྱི་གདམས་ཀ་བཞི་གཏན་འབེབས་བཟོས་པའི་རྗེས་སུ་བོད་གཞུང་གིས་འོས་འཕེན་གྱི་དུས་ཚིགས་ཕྱི་ལོ་ ༡༩༩༦ ཟླ་ ༨ པ་མཐའ་མཇུག་ཡིན་པ་སྤྱིར་བསྒྲགས་གནང་ཡོད་ཀྱང་། མི་མང་གི་རེ་འདུན་ཡོང་བའི་རྒྱུ་མཚན་ལ་བརྟེན་ནས་ལོ་གཅིག་ཐོལ་པ་ཕྱིར་འགྱངས་བྱས་ཡོད་པ་རེད། ལོ་ཧྲིལ་པོ་གཉིས་ཀྱི་དུས་ཚོད་ནང་བོད་མི་དམངས་འཐུས་ཚབ་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཧུར་བརྩོན་ཆེན་པོས་གདམས་ཀ་བཞིའི་ཐད་དུ་རྒྱ་ཆེ་མི་དམངས་གླེང་མོལ་སྐོར་བསྐྱོད་ཁྲིད་པ་དང་། ཟབ་སྦྱོང་སྤྲོད་པ། བགྲོ་གླེང་དང་ཚོགས་ཆེན་བསྐོང་བའི་ལས་འཁུར་ཞུས་ཡོད་པ་རེད། བཙན་བྱོལ་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་སུ་གྱུར་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཞུང་ཞབས་ཟུར་པ་དང་ཤེས་ཡོན་པ་རྣམས་ཚོགས་འདུ་བསྐོང་བ་དང་བཀའ་བསྡུར་རིམ་པར་གནང་གྲུབ་པའི་མཐའ་མཇུག་ཏུ་བོད་མི་རྣམས་ལ་མང་མོས་འོས་བསྡུ་བཀོད་སྒྲིག་བྱ་རྒྱུའི་དུས་ཚོད་མ་རན་པ་དང་མཐུན་རྐྱེན་དུ་འགྲོ་གི་མེད་པ་ངེས་ཤེས་རྙེད་སྟབས། མང་མོས་འོས་བསྡུའི་ལས་རིམ་ཕྱིར་འཐེན་དགོས་པའི་ལས་འགུལ་སྤེལ་ཡོད་པ་རེད། རྒྱས་བཅད་བཟོས་པའི་འོས་འཕེན་གྱི་དུས་ཚོད་མ་བསླེབས་སྔོན་དུ་བོད་གཞུང་གིས་མི་དམངས་ཁྲོད་ནས་བསམ་ཚུལ་བསྡུ་རུབ་ཀྱི་ལས་རིམ་ཞིག་གཉེར་ཡོད་པ་དང་། དེའི་ནང་མི་འབོར་བརྒྱ་ཆ་ ༦༦ ལྷག་གིས་མང་མོས་འོས་བསྡུ་མི་དགོས་པའི་འགྲེལ་བརྗོད་གནང་ཡོད་པ་རེད། བཙན་བྱོལ་བོད་ཀྱི་གྲོས་ཚོགས་ཀྱིས་མི་དམངས་ཀྱི་དཔྱད་ཁྲར་རྒྱབ་གཉེར་གྲོས་ཆོད་བཞག་གནང་ཡོད་པ་རེད།