དེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག་སྤྱི་ལོ་ ༢༠༡༨ ཟླ་བ་ ༤ ཚེས་ ༢༡ རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་ནང་ཧོང་ཀོང་སློབ་གྲྭ་ཆེན་མོའི་གཙུག་ལག་སློབ་དཔོན་ཟུར་པ་རྒྱ་ནག་གི་ལོ་རྒྱུས་ཉམས་ཞིབ་པ་མཁས་དབང་ཧོན་ཧྲང་ལོ་ནས་དུས་ཡུན་ཚོུད་གཅིག་ལྷག་ཙམ་རིང་རྒྱ་ནག་གི་ལོ་རྒྱུས་ཐོག་ནས་བོད་ཀྱི་གནས་བབ་ཇི་ཡིན་གྱི་གཏམ་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་བརྙན་ཡོལ་ཐོག་རྒྱ་ནག་གི་ཆིང་རྒྱལ་རབས་དང་མིང་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་ཆ་རྙིང་པ་ཁག་རིམ་པས་ལུང་འདྲེན་གྱིས་ ༡༩༤༩ སྔོན་གྱི་རྒྱ་ནག་ལོ་རྒྱུས་ནང་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ཡིག་ཆ་མེད་པ་གསལ་སྟོན་གནང་ཡོད་པ་དང་། གཏམ་བཤད་ལས་རིམ་ལ་ཆེད་བཅར་ཞུས་པའི་ལོ་རྒྱུས་ལ་དོ་སྣང་ཅན་གྱི་བོད་པའི་གནད་ཡོད་མི་སྣ་དང་ན་གཞོན་ཤེས་ཡོན་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་ཁུར་མི་སྣ་སོགས་ནས་ཁོང་གི་གཏམ་བཤད་ཀྱི་ནང་དོན་ཁག་ལ་དྲི་བ་དྲིས་ལན་དང་། དགོངས་འཆར་གསུངས་ནས་ཕན་ཚུན་བགྲོ་གླེང་ལྷུག་པོ་བྱུང་ཡོད་པ་རེད།
གཞན་ཡང་གཏམ་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་གྲུབ་རྗེས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བཀྲིས་ལམ་བཟང་ལགས་ནས་མཁས་དབང་ཧོན་ཧྲང་ལོ་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་དབྱིན་ཡིག་ཐོག་ཡོད་པའི་བོད་དོན་འཐབ་རྩོད།ཅེས་པའི་དེབ་གཅིག་ཀྱང་ཕུལ་ཡོད་པ་དང་ཆབས་ཅིག དེར་ཡོད་ཚོགས་བཅར་བ་དོ་སྣང་ཅན་ཡོངས་ལ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་གནད་དོན་ལ་དམིགས་གསལ་གྱིས་ཐུགས་སྣང་གནང་བ་དང་བསམ་ཚུལ་བརྗེ་ལེན་གྱི་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་ལས་རིམ་གྲུབ་ཡོད་པ་རེད།