༧གོང་ས་མཆོག་རྒྱ་གར་དུ་ཞབས་སོར་འཁོད་མ་ཐག་སྔོན་ནས་དགོངས་གཞི་ཡོད་པ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་རྣམས་གཞི་རྩར་བཟུང་སྟེ་དེང་དུས་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་རང་དབང་མང་གཙོའི་ལམ་སྲོལ་ཅན་དུ་བསྒྱུར་བཅོས་གནང་ཐབས་སུ་སྤྱི་ལོ་ ༡༩༦༠ ནང་གནས་མཆོག་རྡོ་རྗེ་གདན་དུ་བཙན་བྱོལ་དུ་འབྱོར་བའི་ཆོལ་ཁ་གསུམ་གྱི་སེར་སྐྱ་མི་མང་ནས་བརྟན་བཞུགས་བསྟར་འབུལ་དང་འབྲེལ། བླང་དོར་ཞུ་བྱའི་གནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུ་སྐབས། བོད་གཞུང་གི་འཛིན་སྐྱོང་བྱེད་ཕྱོགས་སྔར་ལམ་ལྟར་མིན་པར་ཆོས་སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེ་ལྟར་སྔ་འཕྲོས་ཆོས་རྒྱུད་ཆེན་པོ་བཞི་དང། ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་བཅས་མི་མང་འཐུས་མིའི་འཆར་འབུལ་དགོས་བཀའ་སྤྱི་ཕེབས་པ་ལྟར་ཕུལ་བའི་སྐབས་དང་པོའི་འཐུས་མི་བཅུ་གསུམ་ནས་ ༡༩༦༠ ཟླ་བ་ ༩ ཚེས་ ༢ ཉིན་༧གོང་ས་ཆེན་པོར་མཇལ་ཕྱག་དམ་འབུལ་དང་འབྲེལ། ཆོས་སྲིད་གཉིས་ལྡན་བོད་ཀྱི་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས། དུས་དེ་ནས་བཟུང་སྤྱི་ཟླ་ ༩ ཚེས་ ༢ ཉིན་བོད་གཞུང་མང་གཉིས་ནས་བོད་ཀྱི་མང་གཙོའི་གཞུང་དབུ་བརྙེས་པའི་ཉིན་མོར་སྲུང་བརྩི་ཞུ་བཞིན་པ་ལྟར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཀྱང་ཉིན་དེར་བོད་ཀྱི་མང་གཙོའི་ཉིན་མོར་སྲུང་བརྩི་ཞུ་བའི་གཏན་འབེབས་ལས་འགུལ་ལ་ཐག་གཅོད་གནང།