༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༤༦འཁོར་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་དང་ཚོགས་མི་ཡོངས་ཀྱིས་འཛམ་གླིང་ཞི་བདེའི་དེད་དཔོོན་རང་ཅག་བོད་གངས་ཅན་སྐྱེ་འགྲོ་ཀུན་གྱི་སྐྱབས་གནས་མཚུངས་ཟླ་མ་འཆིས་པ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀྲིན་རྗེས་སུ་དྲན་པའི་ཐོག་ནས་འཚམས་འདྲིའི་གུས་ཕྱག་འབུལ་རྒྱུ་དང་། མི་ལོ་བཅུ་ཕྲག་དྲུག་ལྷག་གི་རིང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་གོང་བཀུར་རྗེས་དྲན་དང་འབྲེལ། ཤ་རུས་གདུང་རྒྱུད་གཅིག་པའི་གཞིས་བྱེས་སྤུན་ཟླ་ཡོངས་ལ་བཅོས་མིན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཛམ་གླིང་གི་ཡར་རྩེར་ཞི་བདེ་བག་ཕེབས་ཏུ་གནས་པའི་བོད་རྒྱལ་ཁབ་ཆེན་པོར་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱིས་དམར་པོ་ཁྲག་གི་གཡུལ་ཆེན་བཤམས་ཏེ་རང་རིགས་ཀྱི་མེས་པོ་སེར་སྐྱ་གྲངས་ལས་འདས་པ་དམར་གསོད་དང་། མནར་གཅོད། ཆོས་དང་རིག་གཞུང་གི་ལྟེ་གནས་སྟོང་ཕྲག་མང་པོ་རྩ་མེད་བཟོས་པ་སོགས་ཕ་ས་གཞན་ལག་ཏུ་ཤོར་བ་མ་ཟད། སྐབས་དེའི་རྒྱ་དམག་གིས་རང་ཅག་གངས་ཅན་ལྷ་མི་ཀུན་གྱི་སྐྱབས་གནས་དམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་འདོ་བའི་ལས་ངན་ཡང་རྩོམ་འཆར་ཡོད་པ་སོགས་ཀྱིས་རྐྱེན་པས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བོད་རྒྱལ་ཁབ་ནས་བཙན་བྱོལ་དུ་གྱར་དགོས་བྱུང་བ། བོད་འབངས་རྣམས་མ་བུ་ཁ་བྲལ་དང་མིང་སྲིང་དམར་གསོད་བཏང་བ། རྒྱལ་སྤྱིའི་སྟེང་ནས་བདེན་པའི་རྒྱབ་ལངས་དཀོན་པ་སོགས་བོད་རྒྱལ་འབངས་ཀུན་ལ་དཀའ་སྡུག་གཉན་ཕྲང་ཆེ་ཤོས་ཀྱི་དུས་སྐབས་སུ་བཙན་པོའི་སྙིང་སྟོབས་དང་ལ་རྒྱའི་གསོན་ཤུགས་ལྡན་པའི་བྱེས་གྱར་བོད་རིགས་གཞོན་སྐྱེས་གང་མང་ཞིག་ལྷན་འཛོམས་ཀྱིས་གཙོ་བོར་བོད་ཀྱི་བདེན་དོན་འཐབ་རྩོད་དང་། དེ་བཞིན་ཆོལ་ཁ་དང་ཆོས་ལུགས་རིས་སུ་མ་ཆད་པའི་ཐོག་ནས་བོད་མི་རྣམས་མཐུན་སྒྲིལ་དམ་གཙང་ཅིག་གྱུར། བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། བོད་མིའི་ངོ་བོ་སྲུང་སྐྱོབ་སོགས་ཀྱི་དགོས་པ་གལ་ཆེར་དམིགས་ནས་སྤྱི་ལོ་ ༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་དངོས་སུ་བཞུགས་སྒར་རྡ་རམ་ས་ལར་གསར་འཛུགས་ཞུས་པ་ཞིག་ཡིན། སྐབས་དེའི་ལྷན་ཚོགས་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྔ་རྗེས་སུ་ཐེངས་གསུམ་ལ་ཞབས་གསོར་འཁོད་ནས་ཚོགས་བཅར་བ་བོད་རིགས་གཞོན་སྐྱེས་རྣམས་ལ་བཀའ་སློབ་ལམ་སྟོན་ཟབ་རྒྱས་ཕེབས་པ་དག་ནི་བོད་ཀྱི་གཞོན་ནུའི་ཆོས་སེམས་དང་སྙིང་སྟོབས་ཀྱི་བླ་སྲོག་ཏུ་གྲུབ་ཡོད། དུས་དེས་ནས་བཟུང་ད་བར་ལོ་ངོ་ ༤༦ གི་རིང་བོད་མིའི་ནང་ཁུལ་གྱི་མཛའ་མཐུན་དམ་གཙང་ཡོང་ཐབས་དང་། བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ། བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་དང་། ལྷག་པར་དུ་བོད་ཀྱི་རྩ་དོན་ཆེད་དུ་ཆབ་སྲིད་ཀྱི་ལས་འགུལ་སྣ་མང་ཞིག་རྒྱལ་སྤྱིའི་ཁྱོན་ཡོངས་སུ་སྤེལ་ཐུབ་པ་བྱུང་བ་མ་ཟད། བོད་དོན་དྲིལ་བསྒྲགས་ཤུགས་ཆེར་སྤེལ་ཐུབ་པ་བྱུང་བ་དེས་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་ཕན་ནུས་མི་དམན་པ་ཐོན་ཐུབ་པ་བྱུང་ཡོད།
དེ་ཡང་གཙོ་བོར་རང་ཅག་གི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་དང་། དེ་བཞིན་གཞིས་བྱེས་བོད་མིའི་ཡིད་ཆེས་དང་རྒྱབ་སྐྱོར། རྒྱས་གཅེས་དཔའ་བོ་དཔའ་མོ་ཚོའི་བློས་གཏོང་དང་སྙིང་སྟོབས། ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་གྱི་གཞོན་ལྷན་དབུས་སའི་རྒྱུན་ལས་ཟུར་པ་དང་ཚོགས་མི་རྣམས་པའི་དཀའ་སྤྱད་འབད་བརྩོན་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན།
སྤྱི་ལོ་ ༢༠༡༥ ཟླ་བ་ ༨ ཚེས་ ༢༤ དང་ ༢༥ ཉིན་གཉིས་རིང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་ཟེར་བ་ཞིག་པེ་ཅིང་དུ་ཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བོད་ཀྱི་ལས་དོན་སྐོར་ལ་གཏམ་བཤད་རིང་པོ་ཞིག་བྱས་ཡོད་ཀྱང་། གཏམ་བཤད་རིང་པོ་དེའི་གནད་དོན་ལ་ཕྱོགས་བསྡོམས་ཤིག་བྱས་ན་ནང་དོན་བཞི་དང་དམིགས་ཡུལ་གསུམ་ཡིན་པ་རེད། དེ་ཡང་དང་པོ། ”མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་དེད་གཏོང་” ཟེར་བ་དེའི་ནང་དོན་ནི་རྒྱ་རིགས་ཕོན་ཆེ་བོད་ལ་གནས་སྤོས་ཀྱིས་རྒྱ་མི་རིགས་ཀྱི་སྲོལ་རྒྱུན་དང་གོམས་གཤིས་སྤེལ་བ་དང་། བོད་རིགས་དང་གཉེན་སྒྲིག་གིས་སྐད་ཡིག་དང་མི་རིགས་འདྲེས་མ་བཟོ་དགོས་པ་བསྟན་ཡོད་པ་དང་། གཉིས་པ། “བྱེད་ཐབས་གལ་ཆེན་ཁ་གསལ་བཟོས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཡུན་རིང་བདེ་འཁོད་ཀྱི་ལས་དོན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་འཐབ་ཇུས་བཀོད་སྒྲིག་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན།” ཟེར་བ་སོགས་ཀྱི་ནང་དོན་ནི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཕྱུག་བོད་དར་གྱི་ཁ་གཡང་འོག་བོད་མི་རྣམས་དཔལ་འབྱོར་འགྲན་རྩོད་ཁོ་ནའི་ཐོག་མགོ་བོ་རྨོངས་སུ་འཇུག་རྒྱུའི་བསམ་བློ་བསྐྲུན་དགོས་པ་བསྟན་ཡོད། གསུམ་པ་། “བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཁོང་དུ་ཆུད་པ་བྱས་ཏེ་ཏཱ་ལའི་རུ་ཚོགས་ལ་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལ་གཡོ་འགུལ་མི་གཏོང་བ་མཐའ་འཁྱོངས་བྱེད་དགོས།” ཟེར་བའི་ནང་དོན་ནི་སྤྱི་ནོར་གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་གཞིས་བྱེས་བོད་མིས་རྩོད་བཞིན་པའི་བོད་ཀྱི་གནད་དོན་དེ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་འགལ་ཟླ་ཞིག་གི་ངོ་བོར་བསྒྱུར་ནས་བོད་དོན་གླེང་སློང་བྱེད་མི་ཡོད་ཚད་ལ་དྲག་སྣོན་དང་རྡུང་རྡེག དྲི་རྩད། བཙོན་འཇུག དམར་གསོད་གཏོང་བ་སོགས་ཀྱི་སྲིད་ཇུས་རྒྱུན་སྐྱོང་བྱེད་དགོས་པ་བསྟན་ཡོད། བཞི་པ། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་དགོས་ཟེར་བ་དང་། གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱ་དགོས་” ཟེར་བ་དང་། གནད་དོན་དེའི་ཐད་ལི་ཁེ་ཆང་གིས་ “ཕྱི་ཤུགས་ལ་བརྟེན་པ་དང་ནང་ཤུགས་འཕེལ་བར་བྱེད་པ།” ཟེར་བའི་སྐད་ཆ་གཉིས་ཀྱིས་རྒྱལ་ཁབ་ཀྱི་མཐའ་མཚམས་ལ་ཉེན་ཁ་ཡོད་པའི་འཇིགས་སྐུལ་དང་། ཉེན་ཁ་དེ་མེད་དགོས་ན་ངེས་པར་དུ་བོད་ནང་ཞི་རྒོལ་གྱི་ལས་འགུལ་མི་ཡོང་བ་བྱ་དགོས་ཟེར་བ། ཕྱིའི་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཉེན་ཁ་ཡོད་པའི་འུར་སྒྲོག་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱ་ནག་མི་མང་གི་ཆིག་སྒྲིལ་སྟོབས་ཤུགས་འཕེལ་ཐུབ་པ་བྱེད་དགོས་ཟེར་བ་སོགས་གཡོ་ཇུས་ལྡན་ལ་དོན་དངོས་དང་ཡོངས་སུ་འགལ་བའི་ཐོག་ནས་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་བདེ་འཇགས་དང་འབྲེལ་བ་ཡོད་པར་སྙད་ཡོད་པ་བཅས། མདོར་ན་རྒྱ་ནག་གི་སྲིད་འཛིན་གྱི་གཏམ་བཤད་རིང་པོ་དེའི་དམིགས་ཡུལ་དངོས་ནི་། ༡༽ རྒྱ་མི་འབོར་ཆེན་བོད་ལ་གནས་སྤོ་བྱས་ནས་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་རིག་གཞུང་། སྲོལ་རྒྱུན་གོམ་གཤིས་དང་བཅས་པ་མཉམ་འདྲེས་ཀྱིས་རྩ་བརླག་གཏོང་རྒྱུ་དང་། ༢༽ གྲོང་ཁྱེར་འཛུགས་སྐྲུན་དང་དཔལ་འབྱོར་ཡར་རྒྱས་ཀྱི་སླུ་ཁྲིད་འོག་བོད་མི་རྣམས་དཔལ་འབྱོར་འགྲན་རྩོད་ཁྲོད་མགོ་བོ་གཡེངས་སུ་འཇུག་རྒྱུ། ༣༽ ༸གོང་ས་མཆོག་གིས་གཙོས་པའི་གཞིས་བྱེས་མི་མང་ནས་བརྩོད་བཞིན་པའི་བོད་ཀྱི་གནད་དོན་དེ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་རུ་བསྒྱུར་བ་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་དང་། མཐའ་མཚམས་ཀྱི་སྲུང་སྐྱོབ་སོགས་དང་འབྲེལ་བ་ཡོད་པར་སྙད་ནས་བོད་མི་རྣམས་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཉེས་མིང་འོག་གང་བྱུང་འཛིན་བཟུང་དང་གཙོན་འཇུག་གིས་མནར་གཅོད་གཏོང་རྒྱུའི་སྲིད་ཇུས་རྒྱུན་སྐྱོང་དང་། དམར་ཤོག་ཚོགས་པས་རྒྱ་ནག་སྲིད་གཞུང་གི་དབང་ཆ་བདག་བཟུང་བྱ་རྒྱུ་སྲ་བརྟན་གཏོང་རྒྱུ་བཅས་ཡིན་པས་གཞིས་བྱེས་མི་མང་ཡོངས་ནས་རྒྱ་ནག་སྲིད་གཞུང་གི་ཞེ་གནག་པའི་སྲིད་ཇུས་ཀྱི་དམིགས་ཡུལ་གསལ་པོ་ཤེས་པའི་ཐོག་ནས་མི་རིགས་ཀྱི་ངོ་བོ་གསོན་གནས་དང་བོད་ཀྱི་སྐད་ཡིག་རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐོག་ལ་སྔར་བས་ལྷག་པའི་ཐོག་ནས་ནུས་ཤུགས་བསྒྲིིལ་དགོས།
གཞན་ཡང་རྒྱ་དམར་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་བླ་ཆེན་དང་དགེ་བཤེས་གྲངས་ལས་འདས་པ་ཞིག་འཛིན་བཟུང་དང་བཙོན་འཇུག་སོགས་ཀྱིས་མནར་གཅོད་དང་། དམར་གསོད་བཏང་ཡོད། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་བཅུ་པ་དང་བཅུ་གཅིག་པ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། བྱ་བྲལ་རིན་པོ་ཆེ་སོགས་ནི་མིག་སྔའི་དཔེ་མཚོན་གསལ་ཤོས་དེ་ཆགས་ཡོད། ད་བར་རྒྱ་དམར་གྱིས་ཉེས་མེད་བླ་སྤུལ་དགེ་བཤེས་གཙོ་བོར་འགྱུར་བའི་རང་རིགས་སྤུན་ཟླ་ས་ཡ་གཅིག་ལྷག་དམར་གསོད་བཏང་བ་དང་གཏོང་བཞིན་པའི་ཤ་ཁོན་ནི་ང་ཚོས་དུས་ནམ་ཡང་བརྗེད་ཐབས་མེད་པའི་མི་རིགས་ཀྱི་རྨ་ཁ་ཞིག་ཏུ་གྲུབ་ཡོད།
བོད་ནང་གཞི་རྩའི་བོད་མིའི་རང་དབང་དང། བོད་ཀྱི་སྐད་ཡིག་རིག་གཞུང་སྨོས་ཅི། ཐ་ན་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་སྲིད་གཞུང་ལ་ཞུ་འབོད་བྱེད་མཁན་གྱི་བོད་མི་ཚུན་ཆབ་སྲིད་ཁ་བྲལ་གྱི་ཉེས་མིང་འོག འཇུ། རྡུང། གསོད། གསུམ་གྱི་མནར་གཅོད་གཏོང་བའི་གནས་ཚུལ་བསྟུད་མར་ཐོན་བཞིན་ཡོད། ལྷག་པར་སྤྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་བོད་མི་ ༡༤༠ ལྷག་གིས་རྒྱ་དམར་གྱི་བཙན་གནོན་དང་མཉའ་གནོན་ལ་གདོང་ལེན་གྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་སྤེལ་ཡོད་པ་འདིའི་འབྱུང་རྩ་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་ཚད་མེད་བཏང་བའི་རྒྱ་གཞུང་གི་སྲིད་ཇུས་ངན་པའི་འཇུག་འབྲས་ཡིན་པས། རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་གནད་དོན་ཉམས་ཞིབ་པ་དམྱལ་བ་ལྟ་བུའི་བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་སྐྱོད་རྒྱུར་རྒྱ་ནག་གཞུང་ནས་ངོས་ལེན་རྩ་བ་ནས་བྱེད་ཐུབ་ཀྱི་མེད།
དེས་ན་ང་ཚོས་བོད་ཀྱི་གནད་དོན་འདི་ཡང་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་ཞེས་པ་ལྟར་ངེས་པར་དུ་ཕྱོགས་གང་ཅིའི་ཐད་ནས་གྲ་སྒྲིག་དང་རང་འགན་རང་ཁུར་གྱིས་འཐབ་རྩོད་བྱས་ཏེ་སེལ་དགོས་པ་ལས་རེ་སྒུག་ཁོ་ན་བྱས་ནས་སེལ་ཐབས་མེད་པ་ངེས་ཤེས་བརྙེད་དགོས་པ་མ་ཟད་། གཞིས་ལུས་སྤུན་ཟླའི་སྙིང་སྟོབས་དང། ཆིག་སྒྲིལ། འགོག་རྒོལ་སོགས་ཀྱི་ནུས་ཤུགས་ཧ་ཅང་གི་ཚད་མཐོར་བསླེབས་པའི་གོ་སྐབས་འདི་དམ་འཛིན་གྱིས་རྒྱལ་སྤྱིིའི་ས་གནས་ཁག་ཏུ་ཡོད་པའི་བོད་རིགས་ཡོངས་ཀྱིས་སྒོ་གང་ས་ནས་བོད་ཀྱི་བདེན་དོན་འཐབ་རྩོད་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་བོད་དོན་ལས་འགུལ་ཅི་རིགས་ལ་མཉམ་བཞུགས་ཀྱི་འགན་ཁུར་འདུ་ཤེས་གོང་མཐོར་གཏོང་དགོས་པའི་དུས་ལ་བབ་ཡོད།
རྒྱ་དམར་སྲིད་གཞུང་གིས་བོད་མིའི་ཆིག་སྒྲིལ་གྱི་ནུས་པ་དང་། འཐབ་རྩོད་ཀྱི་སྟོབས་ཤུགས་ཉམས་སྨད་གཏོང་ཐབས་སུ་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་བོད་མིའི་སྤྱི་ཚོགས་ནང་སིམ་འཛུལ་དང་། བོད་རིགས་བསམ་མེད་རེ་བཟུང་རྒྱུ་ནོར་གྱི་སླུ་ཁྲིད་འོག་བེད་སྤྱོད་ཀྱིས་ཆོས་ལུགས་འཐེན་འཁྱེར་དང་ཆོལ་ཁའི་དབྱེ་འབྱེད། ལྷག་པར་དུ་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་གང་ཟག་འགའ་ཞིག་གིས་༸གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་མ་རྟོགས་པའི་དབང་གིས་ཆབ་སྲིད་ལྟ་གྲུབ་སོགས་ཀྱི་ཐོག་ནས་རང་རེའི་སྤྱི་ཚོགས་ནང་དཀྲུགས་ཤིང་དང་དབྱེན་སྦྱོར་གྱི་ལས་ངན་རྩོམ་བཞིན་ཡོད་པར་དུས་དང་རྣམ་པ་ཀུན་ཏུ་ཟབ་ནན་དགོས་རྒྱུ་མ་ཟད། བོད་མིའི་ཆིག་སྒྲིལ་དང་འཐབ་རྩོད་ཀྱི་ནུས་སྟོབས་ལ་སྒོ་གང་ས་ནས་བསྐུལ་དེད་དང་ཤུགས་གནོན་རྒྱག་དགོས།
དེ་རིང་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༤༦ འཁོར་བའི་དུས་སྐབས་འདི་དང་སྟབས་བསྟུན་ནས་རྒྱལ་སྤྱིའི་ས་ཕྱོགས་གང་སར་གནས་བའི་བོད་རིགས་སྤྱི་དང་ལྷག་པར་རང་རིགས་གཞོན་སྐྱེས་རྣམས་ལ་ནན་བརྗོད་བྱ་རྒྱུར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་ནི་སྤྱི་ལོ་ ༡༩༧༠ ལོར་ལྷག་བསམ་དང་ཤེས་འབྱོན་གཉིས་ལྡན་གྱི་བོད་རིགས་གཞོན་སྐྱེས་གང་མང་ཞིག་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་སྤྱི་པའི་བདེན་དོན་འཐབ་རྩོད་ཆེད་དུ་བོད་རིགས་གཞོན་སྐྱེས་རྣམས་ཀྱི་ནུས་པ་གཅིག་ཏུ་སྤུངས་སའི་སྡིང་ཆ་གལ་ཆེན་ཞིག་ཏུ་གསར་འཛུགས་གནང་བ་ལྟར། ད་བར་བོད་བསྟན་སྲིད་ཀྱི་ལས་དོན་ཆེད་རླབ་ཆེན་གྱི་ལས་དོན་གང་མང་ཞིག་གནང་ཐུབ་པ་བྱུང་ཡོད་པ་དང་། འབྱུང་འགྱུར་ཡང་རང་རིགས་གཞོན་སྐྱེས་ཡོངས་ནས་བོད་བསྟན་སྲིད་ལ་སྨན་པའི་བོད་དོན་ལས་འགུལ་ཁག་གི་ནང་ངེས་པར་དུ་འགན་འཁུར་མཉམ་བཞུགས་དང་སྣེ་ཁྲིད་ཀྱིས་བོད་དོན་ལས་འགུལ་འདི་བཞིན་རྒྱལ་སྤྱིའི་ནང་སྔར་ལས་ལྷག་པའི་སྒོ་ནས་ཚད་གཞི་ཇེ་མཐོར་གཏོང་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།
མཐའ་དོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་གཞོན་ལྷན་རྩ་འཛུགས་ཀྱི་དམིགས་ཡུལ་ལྟར་བོད་རང་དབང་རང་བཙན་སླར་གསོའི་འཐབ་རྩོད་གོང་འཕེལ་དང་རྒྱུན་སྐྱོང་བྱ་རྒྱུའི་ཆོས་སེམས་ལ་འགྱུར་བ་མེད་པའི་ཐོག་ནས། རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་། བོད་དོན་བདེན་མཐའ་མྱུར་དུ་སེལ་བའི་སྨོན་འདུན་དང་བཅས།།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༢ སྤྱི་ལོ་ ༢༠༡༥ ཟླ་བ་ ༡༠ ཚེས་ ༧ ཉིན།