༄༅། །དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་མི་ལོ་༤༤འཁོར་བའི་དུས་ཚིག་ཁྱད་པར་ཅན་གྱི་ཉིན་མོ་འདིར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་༡༥པའི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་གཞོན་ལྷན་གྱི་ཚོགས་མི་༣༥༠༠༠གི་ཚབ་ཞུས་ནས་རང་ཅག་བོད་གངས་ཅན་སྐྱེ་འགྲོ་ཀུན་གྱི་སྐྱབས་གནས་འཛམ་གླིང་ཞི་བདེའི་དེད་དཔོན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་དང་བཅས་ཏེ་བཀའ་དྲིན་རྗེས་དྲན་དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་གུས་བརྩི་ཚད་མེད་དང་བཅས། གཞིས་ལུས་སྤུན་ཟླ་ཡོངས་ལ་བཅོས་མིན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།
སྤྱི་ལོ་༡༩༥༩ལོར་རྒྱ་དམར་སྲིད་གཞུང་གིས་བོད་རྒྱལ་ཁབ་བཙན་བཟུང་བྱས་ནས་སྤུན་ཟླ་ཁྲི་ཁྲག་མང་པོའི་ཚེ་སྲོག་བཙན་འཛུལ་བའི་མེ་མདའི་ཁག་འོག་ཏུ་ཤོར་ནས་དྲག་གནོན་དང་གཉའ་གནོན་ལ་བཟོད་མ་ཐུབ་པར་རང་ཅག་གི་དབུ་ཁྲིད་དང་སྲིད་གཞུང་བཙན་བྱོལ་དུ་གྱར་ནས་གཞིས་བྱེས་ཁ་ཐོར་བའི་དཀའ་སྡུག་དང་། མ་བུ་ཁ་བྲལ་གྱི་སྡུག་བསྔལ། མིང་སྲིང་འདས་གྲོངས་སོགས་ཀྱི་སྡུག་བསྔལ་དང་དཀའ་སྡུག་སྣ་མང་གི་ཁྲོད་ནས་གཞིས་བྱེས་མཉམ་འཛོམས་དང་རྒྱལ་ཁབ་སླར་གསོའི་འཐབ་བརྩོད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལྡན་པའི་བོད་རིགས་མང་པོ་ཞིག་མཉམ་འཛོམས་ཀྱིས་བོད་ཀྱི་བདེན་དོན་འཐབ་བརྩོད་ཆེད།བོད་མི་སྤྱི་དང་།ལྷག་པར་བོད་རིགས་ན་གཞོན་ཚང་མའི་ནུས་པ་གཅིག་ཏུ་སྤུང་ཐབས་སོགས་ཀྱི་དགོས་དམིགས་གལ་ཆེར་གཟིགས་ནས་ལོ་ངོ་༤༤གོང་གི་དེ་རིང་གི་ཉིན་མོ་སྟེ་སྤྱི་ལོ་༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་ལས་འགུལ་རང་བཞིན་གྱི་ལྷན་ཚོགས་འདི་དབུ་འཛུགས་གནང་ཡོད་པ་ནི་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་བླ་ན་མེད་པའི་མཛད་རྗེས་ཤིག་ཡིན། ལོ་ངོ་༤༤ཧྲིལ་པོ་འཁོར་བའི་བོད་ཀྱི་གཞོན་ནུའི་ལྷན་ཚོགས་འདིའི་འཕེལ་རིམ་ཀྱི་ལོ་རྒྱུས་ནང་། ཐེངས་དང་པོའི་ཚོགས་ཆེན་ཐོག་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རང་གཞུང་བཀའ་བློན་རྣམ་པའི་བཀའ་སློབ་གསུང་བཤད་དང་དོགས་གཅོད་བཀའ་འདྲི་སོགས་དག་ཐེར་གནད་སྨིན་ཞུས་པ་དང་། རིམ་པས་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང་སྒྲིག་གཞི། གྲོས་ཆོད་སོགས་གཏན་འབེབས་ཀྱིས་སྒྲིག་འཛུགས་ཐོག་མར་དབུ་བརྙེས་པ་ནས་བཟུང་ལོ་ལྟར་འགན་འཛིན་ལྷན་ཚོགས་ཐེངས་རེ་དང་། ལོ་གསུམ་རེའི་མཚམས་སུ་ཚོགས་ཆེན་རེ་བཅས་ཚོགས་ཏེ་ཆབ་སྲིད་དང་། དམངས་གཙོ། ཆོས་ཕྱོགས། རིག་གཞུང་མི་ཉམས་གོང་སྤེལ། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐོག་ཅི་དགེའི་བགྲོ་གླེང་མཐར་ཕྱིན་དང་འབྲེལ། མཐའ་དོན་གྲོས་ཆོད་གཏན་འབེབས་ཀྱིས་ལག་ལེན་འགེལ་བཞིན་པ་ལྟར། གཞོན་ལྷན་གྱི་ཐོག་མའི་དམིགས་ཡུལ་དང་ཚོགས་ཆེན་རིམ་པའི་གྲོས་ཆོད་དགོངས་དོན་ལྟར་བོད་རིགས་སྤྱི་དང་ལྷག་པར་གཞོན་སྐྱེས་ཚོའི་ནུས་པ་གཅིག་ཏུ་སྤུངས་ནས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་བདེན་དོན་གྱི་འཐབ་རྩོད་ལ་ཞབས་འདེགས་གང་ལེགས་ཞུ་ཐུབ་པ་བྱུང་བ་དངོས་དོན་དང་། གཞན་ཡང་ལྷན་ཚོགས་འདི་བརྒྱུད་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གོང་འོག་བར་གསུམ་དུ་འགོ་ཁྲིད་མི་སྣ་ཧ་ཅང་མང་པོ་ཐོན་ཐུབ་ཡོད་པ་འདིས་སྤྱིར་བོད་ཀྱི་བདེན་དོན་འཐབ་བརྩོད་དང་། དེ་བཞིན་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབས། ཆོས་དང་རིག་གཞུང་སྲུང་སྐྱོབ། མང་གཙོའི་འཕེལ་རིམ་སོགས་ཀྱི་ཐོག་ཕན་ནུས་རླབས་ཆེན་ཐོན་ཡོད།
དེ་ཡང་གཙོ་བོར་རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མཆོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་གཅིག་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར། དེ་བཞིན་གཞིས་ལུས་བོད་མིའི་ཡིད་ཆེས་དང་སྙིང་སྟོབས། ལྷག་བསམ་དང་ཤེས་འཇོན་གཉིས་ལྡན་གྱི་གཞོན་ལྷན་དབུས་རྒྱུན་ཟུར་པ་རྣམ་པའི་དཀའ་སྤྱད་འབད་བརྩོན། གཞོན་ལྷན་གྱི་ཚོགས་མི་དང་མི་མང་གི་སེམས་ཤུགས་དང་རྒྱབ་སྐྱོར་སོགས་ལ་བརྟེན་ནས། གཞིས་བྱེས་བོད་མི་ཚོས་རེ་བ་རྒྱག་ཡུལ་དང་། རྒྱ་ནག་གཞུང་ནས་སྡང་ཟུག་ཆེན་པོ་བྱེད་ཡུལ་གྱི་ལྷན་ཚོགས་གལ་ཆེན་ཞིག་ཆགས་ཡོད།
འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང་དུས་འགྱུར་དང་ཕྱི་ནང་གི་རྒྱུ་རྐྱེན། དེ་བཞིན་གཞོན་ལྷན་དབུས་རྒྱུན་ནང་ཁུལ་གྱི་མཐུན་ལམ་དང་ཕྱག་ལས་གནང་ཕྱོགས་ཕྲན་བུ་ལ་བརྟེན་ནས་རིམ་པས་གཞོན་ནུའི་སྒྲིག་འཛུགས་ཀྱི་གནས་བབས་ལ་དོ་ཕོག་དང་ཕྱོགས་མཚུངས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཡང་ཉམས་ཞན་དུ་སོང་ཡོད། དེ་བས་ཀྱང་ཆེས་བློ་ཕམ་པ་ཞིག་ནི་རང་ཅག་བོད་འབངས་ལྷ་མི་ཀུན་གྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་ཡོང་གཞིའི་གནད་དོན་ཡང་བྱུང་ཡོད།
གནད་དོན་འདི་ནི་སྒྲིག་འཛུགས་བྱེ་བྲག་པ་ཞིག་གི་ཕམ་ཉེས་མ་ཡིན་པར་བོད་སྤྱི་པའི་ཕམ་ཉེས་ཤིག་དང་བོད་དོན་འཐབ་རྩོད་ཀྱི་གྱོང་གུན་ཞིག རང་ཅག་གངས་ཅན་ལྷ་མི་ཀུན་གྱི་སྐྱོ་གནས། ལྷག་བསམ་ཅན་གྱི་གཞོན་ལྷན་ཚོགས་མི་ཀུན་གྱི་བློ་ཡུལ་ལ་གཤོང་དཀའ་བའི་བློ་འགྱོད་ཅིག་ཡིན་པས། སྐབས་༡༥པའི་གཞོན་ལྷན་ཚོགས་ཆེན་གྱི་ངོས་ནས་དང་། སྐབས་༡༥པའི་དབུས་རྒྱུན་ངོས་ནས་ཀྱང་གཞོན་ལྷན་སྒྲིག་འཛུགས་ཀྱིས་༧མགོན་པོ་མཆོག་ལ་ཐུགས་ཕམ་བྱུང་གཞིའི་མ་ཤེས་རྨོངས་པའི་དབང་གིས་ལས་ངན་བསགས་ཡོད་པར་གདུང་ཤུགས་དྲག་པོའི་ངང་འགྱོད་བཤགས་བཟོད་གསོལ་དང་། སླད་མར་ཡང་འདི་རིགས་མི་འབྱུང་བའི་ཁས་ལེན་དམ་བཅའ་གཙང་མ་ཞུས་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྷ་དགོངས་གསལ་དྭངས་ཡོང་བའི་མཚན་འཁོད་༧ཞུ་སྙན་ཕུལ་ཡོད་པ་དང་། གནད་དོན་དེ་དང་འབྲེལ་བའི་ཐོག་དབང་ཚད་མཐོ་ཤོས་ཡིན་པའི་སྐབས་༡༥པའི་གཞོན་ལྷན་ཚོགས་ཚེན་སྐབས་
༡༽འགན་ལྷན་ཐེངས་༤༣པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་བོད་རང་བཙན་འཐབ་རྩོད་ལ་འགྱུར་གནང་ཡོང་བའི་འབོད་སྐུལ་གསོལ་འདེབས་ཞུ་རྒྱུའི་གྲོས་ཆོད་དེ་བཞིན་ཕྱིར་འཐེན་དང་། སླད་ཆབ་སྲིད་ཕྱོགས་འགལ་ཚོགས་པ་ལྟ་བུའི་རིགས་བྱ་རྒྱུ་མིན་པ།
༢༽ སྒྲིག་གཞིའི་དགོངས་དོན་ལྟར་ད་ཐེངས་ཀྱི་ཚོགས་ཆེན་སྐབས་དགོས་ངེས་དུས་ཚོད་བཏང་ཐུབ་མེད་ཀྱང་ཚོགས་ཆེན་རྗེས་མར་གཞོན་ལྷན་གྱི་དམིགས་ཡུལ་དོན་ཚན་(བཞི་པར་)ལ་༼བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་རང་དབང་རང་བཙན་སླར་གསོའི་འཐབ་རྩོད་མུ་མཐུད་བྱ་རྒྱུ་དང་། མ་འོངས་བོད་མིའི་དཀའ་རྙོག་འགྲིག་འཇགས་ཀྱི་མཚམས་སུ་སླེབས་སྐབས་༧གོང་ས་༧སྐྱབས་མགོན་ཆེནཔོ་མཆོག་གི་བཀའ་སློབ་དགོངས་དོན་གཞིས་བྱེས་བོད་མི་མང་ཚོགས་ཀྱིས་མཐའ་མའི་ཐག་གཅོད་ཇི་བྱུང་ལ་གུས་བརྩི་རྒྱབ་སྐྱོར་ཞུ་རྒྱུ།༽ཅེས་སྐྱར་བཅོས་བྱ་རྒྱུའི་གྲོས་ཆོད་བཞག་ཡོད་པ།
༣༽ བཙན་བྱོལ་བོད་གཞུང་གི་མཚན་བྱང་བརྗེ་འགྱུར་ཐད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་བ་ ༦ ཚེས་ ༧ ཉིན་སྤེལ་བའི་གསར་འགོད་གསལ་བསྒྲགས་དེ་བཞིན་བཟོད་གསོལ་དང་སྦྲགས་ཕྱིར་འཐེན།
༤༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་སྤྱི་ལོ་ ༢༠༡༣ ཟླ་བ་ ༣ ཚེས་ ༡༠ ཉིན་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན་ནང་༼དེ་བཞིན་ད་ལྟའི་བཀའ་ཤག་གི་ངོས་ནས་བཙན་བྱོལ་ནང་ལས་དོན་བྱེད་ཕྱོགས་ཐད་གུ་ཡངས་ཀྱི་ཁོར་ཡུག་གསར་པ་ཞིག་སྐྱོང་བཞིན་པ་འདི་ཉིད་མུ་མཐུད་རྒྱུན་འཆང་མདུན་སྐྱོད་དགོས་པ་༽ ཞེས་འཁོད་པའི་གནད་དོན་དེ་བཞིན་༧གོང་ས་མཆོག་གི་དབུས་བཀའ་ཤག་གོང་མ་རྣམས་ལ་ཟུར་ཟའི་ཀུན་སློང་མེད་ཀྱང་། ཐུགས་ཕོགས་བྱུང་བ་ཕྱིར་འཐེན།
༥༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐུར་འདེབས་དང་མཚན་སྨད་ཞུ་མཁན་རིགས་ལ་གཞོན་ལྷན་སྒྲིག་འཛུགས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ནམ་ཡང་བྱེད་རྒྱུ་མིན་པ་སོགས་ཀྱི་དམིགས་བསལ་གྲོས་ཆོད་བཞག་པ་བཅས་ནས་གནད་དོན་རྣམས་གཙང་སེལ་བྱས་ཡོད་པ་རེད།
གཞན་ཡང་སྤྱི་ཚོགས་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་མ་རྟོགས་པའི་དབང་གིས་ལབ་གླེང་སྣ་ཚོགས་དང་དགོངས་ཚུལ་སྣ་ཚོགས་ཞིག་བྱུང་ནས་རང་བཙན་གྱི་དམིགས་ཡུལ་བཟུང་བ་འདི་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞིར་ངོས་འཛིན་བྱས་པ་ཡང་བྱུང་ཡོད། གནད་དོན་དེར་སྐབས་༡༥པའི་ཚོགས་ཆེན་ཐོག་ཏུ་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཡང་དག་པའི་མང་གཙོའི་ལམ་སྲོལ་ནང་ཆབ་སྲིད་ཀྱི་ལྟ་གྲུབ་འདྲ་མིན་བྱུང་རྒྱུ་དེ་གཞི་རིམ་གྱི་ཐོབ་ཐང་དང་ལས་འགན་གཉིས་ཀ་ཆགས་ཀྱི་ཡོད་རེད་ཅེས་དང་། སྐྱབས་མགོན་རིན་པོ་ཆེས་ག་དུས་ཡིན་ན་ཡང་གཞོན་ནུ་ལྷན་ཚོགས་ཀྱིས་རང་བཙན་གྱི་ལངས་ཕྱོགས་བཟུང་ན་འགྲིག་གི་མ་རེད། གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་གྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་རེད་ཟེར་ནས་ནམ་ཡང་བཀའ་གནང་ཡོད་མ་རེད། མ་འོངས་པར་ཡང་བཀའ་གནང་གི་མ་རེད། ཅེས་གསལ་བཤད་གནང་ཡོད་པ་དང་། ལྷག་པར་དུ་ཉེ་ཆར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྤྱི་ལོ་ ༢༠༡༣ ཟླ་བ་ ༩ ཚེས་ ༥ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐབས་སུ་ “དབུ་མའི་ལམ་གྱི་སྲིད་ཇུས་ལ་མོས་མཐུན་དང་རྒྱབ་སྐྱོར་མི་གནང་མཁན་ཚོར། རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་ཀྱི་ཡོད་མ་རེད། རྒྱལ་བ་རིན་པོ་ཆེའི་བཀའ་དང་འགལ་གྱི་ཡོད་རེད་གསུངས་པ་དེ། དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་རྩ་བ་ནས་ཆགས་ཀྱི་ཡོད་མ་རེད། ཅེས་དང་། ད་དུང་ཁོང་གིས་ “དབུ་མའི་ལམ་གྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན་ཡང་འདྲ། རང་བཙན་མངོན་འདོད་ཁུར་མཁན་ཡིན་ན་ཡང་འདྲ། སུ་ཡིན་ན་ཡང་ད་ལྟའི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནས་བོད་ཀྱི་ནང་ལ་སྲིད་ཇུས་སྐྱོང་སྟངས་དེ་འགྲིག་གི་མི་འདུག དེར་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་བ་དེ་གཅིག་གྱུར་རང་རེད། གང་ལྟར་ད་ལྟའི་གནས་བབས་འདིར་འདོད་པ་མ་ཁེངས་པ་ཞིག་དང་། ད་ལྟའི་གནས་བབས་དེར་འགྱུར་བ་གཏོང་དགོས་པ་དེ་ཕྱོགས་གཉིས་ཀའི་མངོན་འདོད་རེད། དེར་བརྟེན་ཕྱོགས་གཉིས་ཀས་ག་རེ་འདོད་ཀྱི་ཡོད་ཟེར་ན། ད་ལྟ་བོད་ཆོལ་ཁ་གསུམ་གྱི་མང་ཚོགས་ཀྱི་མྱང་བཞིན་པའི་སྡུག་བསྔལ་དེ་དག་སེལ་ཐབས་དང་། བོད་ལ་དགོས་ངེས་ཀྱི་རང་དབང་ཡོང་རྒྱུའི་མངོན་འདོད་དེ་གཅིག་པ་རེད། དེ་གཉིས་ཀའི་བསྒྲུབ་བྱ་དེ་ག་རེ་རེད་ཟེར་ན། བོད་རིགས་མང་ཚོགས་ཀྱི་བདེ་དོན་དེ་རེད། བོད་པའི་བདེ་དོན་ལ་དམིགས་པ་དེ་ཁྱད་པར་མེད་པ་ཞིག་རེད། རྒྱ་གར་གྱི་རང་བཙན་རྩོད་པའི་སྐབས་སུ་ཡང་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་ཚོའི་ནང་ དགོངས་པ་བཞེས་ཚུལ་གཉིས་པོ་དེ་གསལ་པོ་ཞེ་དྲག་རེད། བདག་ཉིད་ཆེན་པོ་གྷན་དྷིས་ག་དུས་ཡིན་ན་ཡང་རང་སྐྱོང་གི་བཀའ་མོལ་མ་གཏོགས་རང་བཙན་གྱི་བཀའ་མོལ་གནང་གི་ཡོད་མ་རེད། ནེ་རོའོ་ཡིས་མཚོན་པས་དབུ་ཁྲིད་གཞན་པ་དེ་དག་གིས་རང་བཙན་གྱི་བཀའ་མོལ་མ་གཏོགས་རང་སྐྱོང་གི་བཀའ་མོལ་གནང་གི་ཡོད་མ་རེད” ཅེས་དཔེ་མཚོན་དང་བཅས་པའི་ཐོག་ནས་གསལ་བཤད་གནང་ཡོད་པ་སོགས་ལས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རང་བཙན་གྱི་དམིགས་ཡུལ་བཟུང་བ་དེ་༧གོང་ས་མཆོག་ཐུགས་ཕམ་ཡོང་གཞི་དང་། ༧གོང་ས་མཆོག་གི་བཀའ་དང་འགལ་གྱི་ཡོད་པ་ཞིག་ཆགས་མེད་པ་གསལ་པོར་བསྟན་ཡོད་པས་དེ་འབྲེལ་གྱི་བཀའ་སློབ་དགོངས་དོན་ཁག་གཞོན་ལྷན་ཚོགས་མི་ཀུན་དང་། རྒྱལ་གཅེས་མི་མང་ཡོངས་ནས་མཁྱེན་རྟོགས་ཀྱིས་བོད་རིགས་ནང་ཁུལ་ལང་ཕྱོགས་ཀྱིས་རྐྱེན་པས་འགལ་ཟླ་དང་སྤྱི་ཚོགས་ཁག་གཉིས་སུ་གྱེས་དགོས་དོན་ནམ་ཡང་མེད། རྒྱ་དམར་གཞུང་ནས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཆོས་དང་རིགས་གཞུང་། མི་རིགས་དང་བཅས་པ་རྩ་མེད་བཟོ་རྒྱུ། སྤྱི་ཚོགས་ནང་སིམ་འཛུལ་གྱིས་བོད་རིགས་ནང་ཁུལ་འགལ་ཟླ་དང་དཀྲུགས་ཤིང་གྱིས་བོད་ཀྱི་བདེན་དོན་འཐབ་བརྩོད་ཀྱི་སྟོབས་ཤུགས་དང་ནུས་པ་ཉམས་དམས་གཏོང་རྒྱུའི་འབད་རྩོལ་རབ་དང་རིམ་པ་བྱེད་བཞིན་པར་མི་མང་ཡོངས་ནས་སྔ་ཕྱི་བར་གསུམ་དུ་ཡིད་གཟབ་ཀྱིས་ཆོད་སེམས་བརྟན་པོས་བོད་ཀྱི་བདེན་དོན་འཐབ་བརྩོད་རྒྱུན་སྐྱོང་གནང་དགོས་པ་ནན་སྐུལ་ཞུ་རྒྱུ་ཡིན།
བོད་ནང་ལ་མཚོན་ན་འདས་ཟིན་པའི་ལོ་ངོ་༦༤ནང་རྒྱ་གཞུང་གི་བཙན་འཛུལ་དང་དབང་སྒྱུར་འོག་བོད་མི་རྣམས་ལ་ཚད་ལས་འདས་པའི་སྡུག་སྦྱོང་གཏོང་བཞིན་ཡོད་ཀྱང་གཞིས་ལུས་སྤུན་ཟླའི་སྙིང་སྟོབས་དང་ཆིག་སྒྲིལ་གྱི་ནུས་པ་ནི་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་། འགོག་རྒོལ་གྱི་ལས་འགུལ་ནི་ལོ་ངོ་རེ་བཞིའི་ནང་གི་ཚད་མཐོ་ཤོས་སུ་སླེབས་ཡོད།
ཚང་མས་མཁྱེན་གསལ་ལྟར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་གྱིས་བོད་ས་ཡོངས་རྫོགས་ཧམ་བཟུང་བྱས་ནས་ལོ་ངོ་༥༤ལྷག་སོང་པའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་གོམས་གཤིས་སོགས་བོད་མི་རིགས་ཀྱི་ངོ་བོ་རྩ་བརླགས་ཏུ་གཏོང་བའི་སྲིད་ཇུས་ཀྱི་འོག་གཞིས་ལུས་སྤུན་ཟླ་རྣམས་ལ་ཚད་ལས་འདས་པའི་མནར་གཅོད་དང་། ཕུན་སུམ་ཚོགས་པའི་བོད་ཀྱི་རང་བྱུང་ཁོར་ཡུག་ལ་རྩ་གཏོར་གཏོང་བཞིན་ཡོད་པར་གཞིས་ལུས་སྤུན་ཟླ་རྣམ་པས་བོད་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལ་འགྱུར་བ་མེད་པར་ཆོད་སེམས་བརྟན་པོས་བོད་མིའི་ངོ་བོ་བརྟན་བཟུང་བྱེད་བཞིན་པ་མ་ཟད། སྔ་ཕྱི་བར་གསུམ་དུ་རྒྱ་གཞུང་གི་དྲང་བདེན་མིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་ཞུ་གཏུགས་དང་ལས་འགུལ་འདྲ་མིན་ཇི་ཙམ་སྤེལ་ཡང་རྒྱ་ནག་གཞུང་ནས་མི་མང་གི་མངོན་འདོད་ལ་ཉན་འཇོག་དང་ཉམས་ཞིབ་རྩ་བ་ནས་མ་བྱས་པར་ཐད་ཀར་དྲག་དམག་དང་མཚོན་ཆ་བེད་སྤྱོད་ཀྱིས་ཞུ་འབོད་བྱེད་མཁན་གྱི་མི་མང་རྣམས། འཇུ། རྡུང་། བསོད་། གསུམ་གྱིས་མནར་གཅོད་ཁོ་ན་གཏོང་བཞིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ནས་ཀྱང་བོད་མིའི་མངོན་འདོད་ལ་ཁ་ཡོད་ལག་ཡོད་ཀྱི་དོན་ཕན་ལྡན་པའི་རོགས་ཕན་གང་ཡང་མ་གནང་བས། མཐར་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ཉིད་ཀྱི་ལུས་སྲོག་མེར་བསྲེགས་ཀྱིས་ཚད་མཐོ་བའི་ཚེ་སྲོག་གིས་བསྐྲུན་པའི་ཞུ་འབོད་འདི་མ་བྱེད་ཐབས་མེད་དུ་གྱུར་ཡོད་པ་རེད། ཕྱི་ལོ་༢༠༠༩ལོ་ནས་ད་བར་བོད་ནང་བོད་མི་སེར་སྐྱ་ཕོ་མོ་གྲངས་༡༢༡ ཡིས་རང་ཉིད་ཀྱི་ཚེ་སྲོག་མེ་རུ་བསྒྲོན་ནས་བོད་མིའི་མངོན་འདོད་གསལ་སྟོན་བྱས་ཡོད། འོན་ཀྱང་རྒྱ་གཞུང་ནས་མི་མང་གི་ཚེ་སྲོག་གིས་བསྐྲུན་པའི་ཞུ་འབོད་འདི་དག་ལ་འགན་འཁུར་གྱིས་བོད་མིའི་མངོན་འདོད་སྒྲུབ་རྒྱུ་ལས་ཟློག་ནས་རང་ལུས་མེར་བསྲེག་གནང་མཁན་གྱི་བོད་མི་ཚོའི་སྐུ་ཕུང་བཙན་འཁྱེར་བྱེད་པ། རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་སྤུན་མཆེད། གཉེན་ཉེ་དང་བཅས་པ་འཇུ་བཟུང་དང་བཀག་ཉར་གྱིས་ཚད་ལས་འདས་པའི་ཉེས་བརྡུངས་དང་། རེ་འགར་བཙོན་འཇུག་ཀྱི་ཁྲིམས་ཆད་གཅོད་པ། ཐ་ན་རེ་འགར་སྲོག་ཁྲིམསབཅད་པ་སོགས་ཀྱི་མནར་གཅོད་སྡུག་སྦྱོང་ཚད་མེད་བཏང་དང་གཏོང་བཞིན་ཡོད།
དེ་ལྟར་རྒྱ་གཞུང་ནས་བོད་མིའི་གཞི་བརྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་མངོན་འདོད་སྒྲུབ་རྒྱུ་ལས་ཟློག་ནས་མངོན་འདོད་འདོན་མཁན་བོད་མི་འཇུ་བཟུང་ཆེད་དུ་གྲོང་ཁྱེར་དང་གྲོང་རྡལ། གྲོང་གསེབ་དང་དགོན་པ་སོགས་བོད་རིགས་གནས་ཁུལ་གྱི་ས་ཁུལ་ཚང་མར་ ཆེད་མངགས་སྲིད་གཞུང་གི་རྟོག་ཞིབ་མི་སྣའི་མིང་ཐོག་ཏུ་གསང་མྱུལ་བ་བསྐོ་འཇོག་བྱས་ཡོད་པ་དང་། ལྷག་པར་ཞི་རྒོལ་བྱུང་སའི་གྲོང་ཁྱེར་དང་གྲོང་རྡལ། དགོན་སྡེ་ཁག་སོ་སོར་མི་མང་གི་འདོད་པ་མེད་བཞིན་དུ་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་བ་དང་། དྲག་ཆས་དམག་མི་ཕོན་ཆེ་འགྲེམ་འཇོག་གིས་མི་མང་གི་གཞི་རྩའི་འགྲོ་འོང་ལ་དམ་དྲག་དང་ཉིན་རེའི་འཚོ་བ་དང་སེམས་ཁམས་ལ་བརྡབ་གསིག་དང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད།
གཞན་ཡང་རྒྱ་གཞུང་ནས་ཨ་སྒོར་ས་ཡ་མང་པོའི་འགྲོ་སོང་བཏང་ནས་བོད་ཀྱི་དངོས་ཡོད་ལོ་རྒྱུས་ལ་འཁྱོགས་བཤད་ཀྱི་ཟློས་གར་དང་ལྟད་མོ་སོགས་འཁྲབ་བསྟོན་བྱས་ནས་མི་མང་ལ་མགོ་སྐོར་གཏོང་ཐབས་བྱེད་པ་དང་། ས་གནས་མི་མང་གི་འདོད་པ་ཡོད་མེད་ལ་མ་ལྟོས་པར་གཏེར་ཁ་སྔོག་འདོན་གྱིས་རང་བྱུང་འཁོར་ཡུག་གཏོར་སྐྱོན་དང་། ས་གནས་ཀྱི་མི་མང་དང་སྒོ་ཟོག བདག་མེད་སྲོག་ཆགས་སོགས་ཀྱི་འཕྲོད་བསྟེན་ལ་གནོད་འཚེ་ཚབས་ཆེན་གཏོང་བཞིན་པ་སོགས་རྒྱ་གཞུང་གིས་བོད་ནང་སྤེལ་བཞིན་པའི་ལས་འགུལ་ཐ་དག་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། འཁོར་ཡུག་སྲུང་སྐྱོབ། གོ་ལའི་བདེ་འཇགས་སོགས་དང་ཡོངས་སུ་བརྒྱབ་འགལ་ཆགས་ཡོད།
དེས་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་ནག་གཞུང་ལ་བོད་མིའི་མངོན་འདོད་དང་དོན་དངོས་ཀྱི་དཀའ་ངལ་ལ་ཉམས་ཞིབ་ཀྱིས་གོང་གསལ་གྱི་ཚབས་ཆེའི་ལས་འགུལ་ཁག་ངེས་པར་དུ་མཚམས་འཇོག་དགོས་པ་མ་ཟད་བཙོན་འཇུག་བྱས་པའི་ཉེས་མེད་མི་སེར་རྣམས་ངེས་པར་དུ་གློད་གྲོལ་དགོས་པ་དང་། ལྷག་པར་དུ་སྤྱི་ལོ་༢༠༡༣ཟླ་བ་ ༣ ཚེས་༡༣ ཉིན་རང་ལུས་མེར་བསྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་མོ་དཀོན་མཆོག་དབང་མོ་ལགས་ཀྱི་གཟའ་ཟླ་སྒྲོལ་མ་སྐྱབས་ལགས་སུ་ཉེས་མེད་ཉེས་འཛུགས་ཀྱིས་སྲོག་ཁྲིམས་བཅད་པ་ནི་དྲང་བདེན་ཞིག་རྩ་བ་ནས་ཆགས་མེད་པས་ངེས་པར་དུ་ཁོང་ལ་རྒྱལ་སྤྱིའི་ཚད་ལྡན་གྱི་དྲང་བདེན་ཁྲིམས་ཞིབ་དགོས་པའི་དགོས་འདུན་འདོན་གྱི་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་སྲིད་གཞུང་ཁག་ནས་ཀྱང་ད་ལྟའི་བོད་ཀྱི་ཛ་དྲག་གི་གནས་བབས་ལ་དོན་ཕན་ལྡན་པའི་རོགས་སྐྱོར་དགོས་རྒྱུར་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། གལ་སྲིད་རྒྱ་གནང་གཞུང་ནས་བོད་ནང་གི་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཡར་རྒྱས་མ་བཏང་ཚེ་འབྱུང་རྒྱུར་རང་ལུས་མེར་བསྲེག་ཀྱི་མཚོན་པའི་ཚད་མཐོ་བའི་བོད་མིའི་འགོག་རྒོལ་གྱི་ལས་འགུལ་ཁག་མུད་མཐུད་བྱུང་ངེས་ཡིན་པས་དེའི་འབྱུང་རྐྱེན་གྱི་འགན་ཡོངས་རྫོགས་རྒྱ་ནག་གཞུང་ནས་འཁུར་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན།
འདི་ལོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༥པའི་ཐོག་ཚོགས་འཐུས་ཡོངས་ནས་སྐབས་༡༥པའི་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་རྣམས་འོས་འདེམས་བྱས་ཡོད་པ་རེད། དེ་རིང་གི་ཉིན་མོ་འདི་དང་སྟབས་བསྟུན་ནས་ངོས་སྐབས་༡༥པའི་དབུས་རྒྱུན་ལས་ཡོངས་ནས་གཞོན་ལྷན་གྱི་ཚོགས་མི་དང་གཞིས་བྱེས་རྒྱལ་གཅེས་མི་མང་གི་ཡིད་ཆེས་དང་རེ་བ་སེམས་ཁོངས་སུ་ཉར་ནས་གཞོན་ལྷན་གྱི་སྒྲིག་གཞི་དང་ཚོགས་ཆེན་གྱི་གྲོས་ཆོད་གཞིར་བཟུང་རང་ནུས་གང་ཡོད་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་བདེན་དོན་འཐབ་རྩོད་ལ་ཞབས་འདེགས་སྒྲུབ་རྒྱུའི་ཆོད་སེམས་གསལ་སྟོན་བྱ་རྒྱུ་དང་། གཞིས་བྱེས་བོད་མི་ཡོད་དོ་ཅོག་ནས་ཀྱང་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་ཇི་ལྟར་ཡང་མཐུན་སྒྲིལ་གྱི་དམ་ཚིག་བརྟན་པོས་ང་ཚོའི་གཡོལ་དུ་མེད་པའི་འགན་འཁུར་ཕྲག་ཏུ་བླངས་ནས་ཤི་བོའི་ཁ་ཆེམས་དང་གསོན་པོའི་རེ་བ་སྟེ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་གྱི་ལྗོངས་ལ་ཞབས་སོར་འཁོད་ཐབས་དང་། གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་ཤར་རྒྱུར་འཐབ་རྩོད་དང་འབད་འབུངས་གནང་རྒྱུའི་འབོད་སྐུལ་ཤུགས་ཆེ་ཞུ་རྒྱུ་ཡིན།
གཞན་ཡང་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུར། དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མི་རིགས་ཀྱི་བདེ་སྐྱིད་དང་རང་དབང་། ལྷག་པར་བོད་མིའི་སྐད་ཡིག་རིག་གཞུང་དང་བཅས་པ་མྱུར་སྐྱོབས་ཀྱི་དགོངས་གཞིའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འབད་བརྩོན་གནང་བཞིན་ཡོད་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཅོས་མིན་གྱི་གུས་བརྩི་ཞུ་བཞིན་ཡོད་པ་གསལ་སྟོན་བྱ་རྒྱུ་དང་ཆབས་གཅིག བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེ་དོན་དང་རང་དབང་ཆེད་དུ་རང་ལུས་མེར་བསྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་དང་མཛད་རྗེས་ལ་གུས་བརྩི་ཚད་མེད་ཞུ་རྒྱུ་དང་། སེམས་ཅན་གཞན་སུ་གཅིག་ལ་ཡང་འཚེ་བ་མེད་པར་རང་ཉིད་ཁོ་ནིའི་ལུས་སྲོག་མི་རིགས་ཤིག་གི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་མེ་རུ་སྒྲོན་པའི་འཐབ་རྩོད་ཀྱི་ལས་འགུལ་འདི་ནི་འཚེ་མེད་ཞི་བའི་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་ལོ་རྒྱུས་ནང་བླ་ན་མེད་པའི་མཛད་རྗེས་ཤིག་དང་འགྲན་ཟླ་མེད་པའི་སྙིང་སྟོབས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་གསལ་སྟོན་བྱ་རྒྱུ་ཡིན།
མཐའ་དོན་རང་ཅག་གི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་ཤར་བའི་སྨོན་འདུན་དང་བཅས། བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༠ སྤྱི་ལོ་ ༢༠༡༣ ཟླ་བ་ ༡༠ ཚེས་ ༧ཉིན།