བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས། སྤྱི་ལོ་ ༢༠༡༤ ཟླ་བ་ ༨ ཚེས་ ༡༧ ཕྱི་དྲོའི་ཚོུད་ ༧།༣༠

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་དེ་བཞིན་སྒང་ཏོག་ས་གནས་གཞོན་ནུའི་གོ་སྒྲིག་འོག་སྤྱི་ལོ་ ༢༠༡༤ ཟླ་༨ ཚེས་༡༡ ནས་ ༡༦ བར་ཉིན་དྲུག་གི་རིང་རྒྱ་གར་འབྲས་ལྗོངས་མངའ་སྡེའི་རྒྱལ་ས་སྒང་ཏོག་ཀྱི་བོད་མིའི་ཆོལ་གསུམ་ཚོགས་ཁང་ནང་དུ་ཚོགས་ཡོད་པ་དང་། ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེའི་བློན་ཆེན་གྱི་སྐུ་ཚབ་འབྲས་ལྗོངས་ཤེས་རིག་བློན་ཆེན་དང་། དམིགས་གསལ་སྐུ་མགྲོན་བཀའ་ཟུར་རྒྱལ་ལོ་དོན་གྲུབ། སྒང་ཏོག་ཉེན་རྟོག་པའི་སྤྱི་ཁྱབ་འགོ་འཛིན། འབྲས་ལྗོངས་ཀྱི་གྲོས་ཚོགས་ཚོགས་གཞོན། བོད་མིའི་ས་གནས་འགོ་འཛིན། ཚོགས་སྡེ་དང་དགོན་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་འབྲས་ལྗོངས་ཤེས་རིག་བློན་ཆེན་སྐུ་ཞབས་སཱ་བྷས་(R B Subba) མཆོག་གིས་གསུང་བཤད་གནང་སྐབས། “༧གོང་ས་ཏ་ལའི་བླ་མ་མཆོག་ཀྱང་སྒང་ཏོག་ནང་ཆིབས་བསྒྱུར་བསྐྱངས་གནང་བ་མ་ཟད། འདི་གའི་ས་གནས་ཀྱི་མི་མང་དང་བོད་མིའི་དབར་འབྲེལ་ལམ་ཧ་ཅང་ཡག་པོ་ཡོད། གཞོན་ནུའི་ཚོགས་འདུ་དེ་བཞིན་སྒང་ཏོག་ནང་ཚོགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་ཁག་འགྲུབ་ནས་གང་མགྱོགས་བོད་ལ་ལོག་ཐུབ་པའི་སྨོན་འདུན་ཡོད།” ཅེས་གསུངས་པ་དང་། ད་དུང་ཁོང་གིས། “སྤྱིར་གཞོན་སྐྱེས་ནི་མ་འོངས་པའི་བདག་པོ་ཡིན་པས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱང་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ད་བར་བོད་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་སྒྲུབ་པ་དང་། མ་འོངས་པར་ཡང་གཞོན་ནུའི་ལས་དོན་ཁག་ལམ་ལྷོང་དང་ཚགས་ཚུད་ཡོང་རྒྱུ་ཡིན་ངེས་རེད།” ཅེས་སོགས་གསུངས་ཡོད་པ་རེད།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས། “༧གོང་ས་མཆོག་གིས་སྐུ་ལས་ཚད་མེད་སྐྱོན་ཀྱང་། རྒྱ་ནག་དམར་གཞུང་གིས་དེ་དག་ལ་བཟང་ཕྱོགས་ཀྱི་ཡ་ལན་རྩ་བ་ནས་སྤྲད་མེད་པ་མ་ཟད། ༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་། བོད་མི་རྣམས་ལ་དུས་རྟགས་ཏུ་དཀའ་ངལ་ཚད་མེད་བཟོ་བཞིན་ཡོད། རྒྱ་ནག་ལ་ལོ་ངོ་༥༠ ལྷག་གི་ནང་འགྱུར་བ་གང་ཡང་སོང་མེད་པ་དང་། འགྱུར་བ་གཅིག་སོང་བ་དེ་ནི་མི་མང་གིས་དམར་ཤོག་སྲིད་གཞུང་ལ་ཡིད་ཆེས་མི་བྱེད་པ་དང་། རེ་བ་མི་བྱེད་པ་དེ་ཡིན་” ་ཅེས་གསུངས་ཡོད་པ་རེད། དེ་བཞིན་ཁོང་གིས། “མ་འོངས་པར་འགྱུར་བ་གང་འདྲ་འགྲོ་རྒྱུ་ཡིན་པ་བཤད་དཀའ་ཡང་། ང་ཚོའི་ངོས་ནས་གྲ་སྒྲིག་དགོས་པ་དང། ལྷག་པར་ད་ལྟ་ང་ཚོ་ལོ་ན་རྒས་སོང་བས་ཁྱེད་རང་ཚོ་གཞོན་སྐྱེས་ཚོས་འགན་འཁུར་ནས་ལས་ཀ་རྩོམ་དགོས་ཀྱི་རེད། ལས་ཀ་བྱེད་དགོས་ཀྱི་ཡོད་པ་རེད། དེ་ཡང་རྒྱ་ནག་དང་རྒྱ་གར་སོགས་ཀྱི་གནས་སྟངས་ཤེས་རྟོགས་ཡོང་བ་བྱེད་རྒྱུ་ཧ་ཅང་གལ་ཆེན་པ་རེད། ད་ལྟ་ཁ་ཤས་ཀྱིས་རང་སྲིད་རང་སྐྱོད་དགོས་ཟེར་བ་དང། ཁ་ཤས་ཀྱིས་རང་བཙན་དགོས་ཟེར་གྱི་ཡོད་པ་རེད། བསམ་ཚུལ་མི་འདྲ་བ་མང་པོ་ཡོད་པ་དེ་ངས་ཡག་པོ་མཐོང་གི་ཡོད།” ཅེས་སོགས་གསུངས་ཡོད་པ་རེད།
སྐབས་དེར་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་རྣམ་པར་གཞོན་ལྷན་གྱི་ངོས་ནས་དམིགས་བསལ་ཐུགས་རྗེ་ལེགས་འབུལ་གྱི་ཕྱག་རྟགས་རེ་ཕུལ་ཡོད་པ་རེད།

སྐབས་དེའི་ཚོགས་འདུའི་ཐོག་ས་གནས་གཞོན་ལྷན་ཁག་ ༣༥ ནས་སྐུ་ཚབ་ཚོགས་ཞུགས་པ་༡༡༠ ཙམ་ཕེབས་ཡོད་པ་དང་། ཉིན་དྲུག་གི་རིང་གྲོས་གཞི་ཁག་བདུན་གྱི་ཐོག་གྲོས་བསྡུར་སྦྱང་བཤད་ཀྱིས་གྲོས་ཆོད་གཏན་འབེབས་གནང་ཡོད་པ་རེད།

གཞན་ཡང་འགན་འཛིན་ལྷན་ཚོགས་གྲོལ་རྗེས་སྒང་ཏོག་ས་གནས་གཞོན་ནུའི་གོ་སྒྲིག་འོག་ཚོགས་བཅར་བ་རྣམས་ཁུལ་དེའི་ནང་ཉིན་གཅིག་གི་གཟིགས་སྐོར་ལ་གདན་ཞུ་གནང་བ་སོགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པ་དེ་བཞིན་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་པ་རེད།