བོད་རང་བཙན་སླར་གསོའི་ལས་དོན་ཐོག་བོད་རིགས་གཞོན་སྐྱེས་ཚོའི་ནུས་པ་གཅིག་ཏུ་སྤུངས་སའི་སྡིང་ཆ་ཞིག་དགོས་གལ་ཆེན་པོར་གཟིགས་ཏེ་སྤྱི་ལོ་ ༡༩༧༠ ནང་བཙན་བྱོལ་དུ་འབྱོར་བའི་གཞོན་སྐྱེས་ཁོངས་ནས་ཕྱི་ནང་གི་ཤེས་ཡོན་ལྡན་པའི་ན་གཞོན་ཁག་གཅིག་གཞི་རིམ་སློབ་གྲྭ་དང་། མཐོ་སློབ་ཁག་ནས་སློབ་ཐོན་དང་པོ་བྱུང་བ་དང་ཆབས་གཅིག སྤྱི་ལོ་ ༡༩༧༠ ཟླ་བ་ ༡༠ ཚེས་ ༧ ཉིན་སྤྱི་ནོར་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་བཞིན་ཐོག་མར་དབུ་བརྙེས་ཤིང། རིམ་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་རྒྱལ་གཅེས་བོད་མི་རྒན་གཞོན་བར་གསུམ་ཚང་མས་གོང་བུ་ཆིག་སྒྲིལ་ཐོག གཞིས་བྱེས་བོད་མིའི་ཡིད་ལ་རྣག་པའི་འདོད་དོན་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་རང་དབང་རང་བཙན་སླར་གསོ་འབྱུང་ཐབས་སུ་འཐབ་རྩོད་བྱ་མཁན་གྱི་སྒྲིག་འཛུགས་གལ་ཆེན་ཞིག་ཆགས་ཡོད་པ་དང། བཙན་བྱོལ་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདིའི་ནང་བཞུགས་ཏེ་བོད་རང་བཙན་སླར་གསོའི་འཐབ་རྩོད་རྒྱུན་སྐྱོང་དང། སྤྱི་ཚོགས་ཞུ། རིག་གཞུང་དར་སྤེལ། བོད་མིའི་ཆིག་སྒྲིལ་སོགས་ཀྱི་ཐོག་ནུས་ཤུགས་འདོན་རྒྱུར་ཤུགས་རྐྱེན་ཆེན་པོ་ཐེབས་པ་བྱུང་ཡོད།
གཞན་ཡང་སྒྲིག་འཛུགས་འདི་བཞིན་ཐོག་མར་དབུ་བརྙེས་པ་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་བཞིན་དོན་སྙིང་ལྡན་པའི་མང་གཙོའི་སྤྱི་ཚོགས་ཤིག་ཏུ་བསྐྱོད་པའི་འཕེལ་རིམ་ནང་དགོས་ངེས་ཀྱི་བཅོས་བསྒྱུར་ཡོང་ཐབས་སུ་འབད་རྩོན་ཆེན་པོ་གནང་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་དང་གཞིས་བྱེས་བོད་མི་ཡོངས་ཀྱིས་ངོས་ལེན་ཡོད་པའི་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཤིག་ཆགས་ཡོད།
ལྷན་ཚོགས་འདི་ཐོག་མར་སྲོལ་གཏོད་མཛད་མཁན་ནི། བཀྲས་མཐོང་བསྟན་འཛིན་དགེ་འབྱེད་མཆོག་དང། བཀའ་ཟུར་བསོད་ནམས་སྟོབས་རྒྱལ་མཆོག བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག དེ་བཞིན་རྒྱལ་རི་བློ་གྲོས་རྒྱལ་མཚན་མཆོག་བཅས་ཡིན།
ད་བར་འཛམ་གླིང་རྒྱལ་ཁབ་ཁག་བཅུ་གཅིག་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཡན་ལག་ལས་ཁུངས་ ༨༧ དང། ཚོགས་མིའི་གྲངས་འབོར་ ༣༥༠༠༠ ལྷག་ཡོད།
དེས་ན་ལོ་ལྟར་སྤྱི་ཟླ་ ༡༠ ཚེས་ ༧ ཉིན་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་ས་གནས་གཞོན་ལྷན་ཁག་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་རེད།