སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༢ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔས་གསུམ་བཅུའི་དུས་དྲན་དང་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་སྲུང་བརྩི་ཞུ་ཕྱོགས་ཐོག་གསར་འགོད་ལྷན་ཚོགས་སྐོང་ཡོད་པ་རེད།
དེ་ཡང་སྤྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ ཉིན་མོ་ནི་སྤྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ཧྲིལ་པོ་ ༥༩ འཁོར་བའི་ཉིན་མོ་ཞིག་ཡིན་པ་དང་། སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༡༤ ཉིན་མོ་ནི་སྤྱི་ལོ་ ༢༠༠༨ ལོའི་བོད་མིའི་ས་བྱི་ཞི་རྒོལ་ཆེན་མོར་རྒྱ་དམར་གྱིས་དྲག་གནོན་བྱས་ཏེ་ལོ་ངོ་ཧྲིལ་པོ་ ༡༠ འཁོར་བའི་ཉིན་ཞིག་ཆགས་ཡོད་པས། འདི་ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་བེུད་ལྷན་ཚོགས། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་ཐུན་མོང་གིས་སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༢ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་གསར་འགོད་ལྷན་ཚོགས་སྐོང་སྟེ་གོང་ཞུས་དམིགས་བསལ་དུས་ཚིགས་ཁག་གཉིས་དྲན་གསོ་དང་། དུས་ཚིགས་ཁག་གཉིས་ནང་ཚེ་སྲོག་བློས་གཏོང་གནང་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྙིང་སྟོབས་དང་བློས་གཏོང་ལ་རྗེས་དྲན་དང་། ཁོང་ཚོའི་དགོས་འདུན་དང་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དུ་སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེེས་ ༡༠ ནས་ ༡༤ བར་བསྟུད་མར་ལས་འགུལ་སྤེལ་རྒྱུ་མ་ཟད། ལོ་གཅིག་ཧྲིལ་པོར་ས་བྱི་ཞི་རྒོལ་ཆེན་མོའི་ལས་འགུལ་དང་སྐབས་དེར་ཚེ་སྲོག་ཤོར་བའི་སྤུན་ཟླ་ཚོ་རྗེས་དྲན་གྱི་ལོ་རུ་སྲུང་བརྩི་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་པ་རེད།