སྤྱི་ལོ་ ༢༠༡༨ ལོའི་གསུམ་བཅུའི་བོད་མིའི་སྒེར་ལངས་དུས་དྲན་ཐེངས་ ༥༩ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།
དེ་ཡང་སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བེུད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ།བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ལྔ་ཡི་གོ་སྒྲིག་འོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་ཉེན་རྟོགས་ཐང་ཆེན་བར་མི་མང་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་། ལས་འགུལ་ནང་མཉམ་བཞུགས་གནང་མཁན་དགོན་སྡེ་གྲྭ་ཚང་ཁག་གི་གྲྭ་བཙུན་དང་། སློབ་གྲྭ་ཁག་གི་སློབ་མ་སོགས་བཞུགས་སྒར་ཁུལ་གནས་བཞུགས་སེར་སྐྱ་མི་མང་སྟོང་ཕྲག་གཅིག་ལྷག་ཙམ་མཉམ་བཞུགས་གནང་ཡོད་པ་རེད།
རྡ་ཤོད་ཀ་ཅ་རིའི་ཉེན་རྟོགས་ཐང་ཆེན་དུ་ལས་འགུལ་མཇུག་བསྡོམས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ཀྱིས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་དགོས་པའི་རྒྱུ་མཚན་དང་གལ་གནད། དེ་བཞིན་བོད་ནང་གི་ཛ་དྲག་གནས་བབ་དང་འབྲེལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོས་བོད་དོན་ཐོག་སྔར་ལྷག་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་ཐོག་མི་མང་ལ་གཏམ་བཤད་གནང་ཡོད་པ་རེད། གཞན་ཡང་སྐབས་དེའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དམིགས་བསལ་སྐུ་མགྲོན་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སུ་བྷ་ཤི་ནེ་ར་བཅས་ནས་ཀྱང་བོད་མིའི་སྒེར་ལངས་ཆེན་མོའི་ལས་འགུལ་དང་བོད་མིའི་འཐབ་རྩོད་སྐོར་ལ་བཀའ་སློབ་གསུང་བཤད་གནང་སྟེ་ལས་འགུལ་རྒྱལ་ཁའི་ངང་གྲུབ་ཡོད་པ་རེད།