དེ་ཡང་སྤྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༣ པའི་ཚེས་ ༡༠ ནས་རིམ་པས་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་གྱི་ལས་འགུལ་སྤེལ་ནས་སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ནང་ལོ་ངོ་ཧྲིལ་པོ་བཅུ་ཏག་ཏག་འཁོར་བཞིན་པར་སོང་། སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་༡༡ ཉིན་གྱི་ཕྱི་དྲོའི་ཚོུད་ ༣ ཐོག་དྷ་ས་ས་གནས་འགོ་འཛིན་གྱི་ཚོགས་ཁང་ནང་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔའི་གོ་སྒྲིག་འོག་ས་བྱི་ཞི་རྒོལ་ཆེན་མོ་ཞེས་པའི་གློག་བརྙན་གཟིགས་འབུལ་གནང་ཡོད་པ་རེད།
དེ་ཉིན་ས་བྱི་ཞི་རྒོལ་གྱི་ལས་འགུལ་སྐབས་ཐོན་པའི་དངོས་བྱུང་གློག་བརྙན་ཕྱོགས་སྒྲིག་ཞུས་པ་ཁག་མི་མང་ལ་གཟིགས་འབུལ་ཞུས་པ་མ་ཟད། གློག་བརྙན་གཟིགས་འབུལ་གྲུབ་རྗེས་ལས་འགུལ་དང་འབྲེལ་བའི་ཐོག་ལ་དྲི་བ་དྲིས་ལན་དང་བསམ་ཚུལ་བརྗེ་ལེན་སོགས་ཀྱང་གནང་ཡོད་པ་རེད།