གསར་འགོད་གསལ་བསྒྲགས།

༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པར་དམིགས་བསལ་གྱི་བཀའ་དྲིན་རྗེས་དྲན་སླད་འདི་ལོ་ནས་བཟུང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལོ་ལྟར་རྒྱ་བལ་འབྲུག་གསུམ་ནང་གི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུགས་ཨང་དང་པོ་ལོན་མཁན་གྱི་བོད་རིགས་སློབ་མར་ ༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས།༽ ཤིག་འབུལ་རྒྱུ་དང་། འདི་ལོའི་འཛིན་རིམ་བཅུ་གཉིས་ཀྱི་བོད་ཡིག་ཡིག་རྒྱུག་རྩེ་ཕུད་ལོན་མཁན་སློབ་མར་ཧིན་སྒོར་ཁྲི་གཉིས་(༢༠༠༠༠།༠༠)འབུལ་རྒྱུ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས།༽འདི་ནི་རང་ཅག་བོད་མི་ཡོངས་ལ་བཀྲིན་མཚུངས་ཟླ་མ་འཆིས་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འདི་ལོར་དགུང་གྲངས་བརྒྱད་བཅུར་ཕེབས་པ་དང་སྟབས་བསྟུན། མགོན་པོ་གང་ཉིད་ཀྱི་བཀྲིན་རྗེས་དྲན་ཆེད་དང་། དེ་ཡང་བོད་རིགས་སློབ་མ་ཚོར་རང་མི་རིགས་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་འཕར་མ་ཡོང་ཆེད་དུ་དམིགས་པ་ཞིག་ཡིན་པས། གཟེངས་རྟགས་འདི་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ཉིན་འབུལ་རྒྱུ་ཡིན། གཞན་ཡང་འཆར་ལ་ཉེ་བའི་སྤྱི་ཟླ་ ༧ ཚེས་ ༣༡ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་ས་མཐུན་མོང་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པའི་དུས་བཟང་དང་སྟབས་བསྟུན་མགོན་པོ་གང་ཉིད་སྐུ་འཚོ་སྐལ་བརྒྱར་བརྟན་པའི་ཆེད་དུ་བརྟན་བཞུགས་ཞིག་ཀྱང་འབུལ་གཏན་འཁེལ་ཡོད།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་གིས་ “བོད་ཀྱི་ཐུན་མིན་སྐད་ཡིག་རིག་གཞུང་སྲུང་སྐྱོབས་དང་། རྒྱུན་འཛིན་དར་སྤེལ་བྱེད་རྒྱུ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ཞིག་ཆགས་ཡོད། སྤྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་དབུ་འཛུགས་གནང་བ་ནས་བཟུང་ད་བར་གཞོན་ལྷན་སྒྲིག་འཛུགས་ངོས་ནས་རང་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་རྒྱུན་འཛིན་ཡོང་ཐབས་སུ་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་དང་། ད་ལྟའི་དུས་སྐབས་འདིར་ང་ཚོ་བོད་མི་རིགས་ཀྱི་ངོ་བོ་གསོན་གནས་ཐུབ་ཐབས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པས། དེ་ནི་གཙོ་བོར་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད།” ཅེས་གསུངས་སོང་།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་འཛམ་གླིང་ས་ཕྱོགས་གང་སར་ཁྱོན་ས་གནས་ཁག་༨༨ དང་ཚོགས་མི་ ༣༥༠༠༠ ཡོད་པའི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་དེ་ཡིན་པ་མ་ཟད། བོད་རང་བཙན་འཐབ་རྩོད་བྱ་མཁན་གྱི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་སྒྲིག་འཛུགས་གཅིག་པུ་དེ་ཆགས་ཡོད།

མཐའ་དོན་དུ་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་༸པད་སྐལ་རྒྱར་བརྟན་པའི་སྨོན་འདུན་ཤུགས་དྲགས་ཞུ་རྒྱུ་དང། བོད་མིའི་གཅིག་སྒྲིལ་གྱི་ནུས་པ་དང་། རིག་གཞུང་གཅེས་འཛིན། བཙན་རྒོལ་རྒྱལ་སྐྱོབས་ཀྱི་སྙིང་སྟོབས་འགྱུར་བ་མེད་པར་བོད་ཀྱི་བདེན་དོན་འཐབ་རྩོད་རྒྱུན་སྐྱོང་བྱ་རྒྱུའི་དམ་བཅའ་དང་བཅས།

བོད་ཀྱི་གཞོན་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༢ སྤྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༥ ཉིན།།