༄༅། །ཕྱི་ལོ་ ༡༩༨༡ ཟླ་ ༡༠ ཚེས་ ༢༡ ཉིན་འབྲས་ལྗོངས་སུ་གཞོན་ནུར་སྩལ་བའི་བཀའ་སློབ།

ཀ༽ འདས་པའི་བསླབ་བྱ་དང་། མ་འོངས་པའི་ཞུ་སྒོ།

བར་ལམ་རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་དང༌། དེ་བཞིན་རྒྱ་ནག་དང་ཨུ་རུ་སུའི་འབྲེལ་བའི་གནས་སྟངས། ཨི་རག་དང་ཨི་རན་གྱི་གནས་ཚུལ་དེ་རིགས་དང༌། ཨབ་གྷ་ནི་སི་ཐན་ནང་གི་གནས་ཚུལ་དེ་དག་ཕྱོགས་མང་པོ་ཞིག་ལ་ལྷིང་འཇགས་མེད་པར་བསྡད་ཡོད་པའི་དུས་འདིར། ང་རང་ཚོས་ཀྱང་གཟུ་སྤྱང་པོའི་ཡིད་གཟབ་བྱས་ནས་སྡོད་དགོས་པའི་དུས་ཚོད་ཅིག་ཡིན། གང་ལྟར་ཡང་བོད་ནང་ལ་ད་ལྟ་ཕན་ཆད་ཀྱི་རྒྱ་མིའི་སྲིད་བྱུས་དེ་ནོར་འཁྲུལ་བྱུང་བར་ཁས་ལེན་དང༌། ཡིད་ཆེས་བྱས་ཏེ་ད་ཆ་སྲིད་བྱུས་གསར་པ་ཞིག་གི་སྒང་ལ་འགྲོ་གི་ཡོད།
ཁ་སྔོན་ཧུ་ཡའོ་ཕང་ལྷ་སར་འབྱོར་ནས་བསྒྱུར་བཅོས་བྱ་རྒྱུ་མང་པོ་ཞིག་ཁས་ལེན་བྱས་ཤིང་། ངོ་ཐོག་ལག་ལེན་མཐའ་འཁྱོལ་བ་ཇི་ཙམ་ཡོང་གི་ཡོད་མེད་ད་ལྟ་ཤོད་ཐུབ་ཀྱི་མི་འདུག་ཀྱང༌། ད་ལྟའི་ཡོང་བབས་ལ་བལྟས་ན་ལོ་ཁ་ཤས་ནང་བཟང་ཕྱོགས་ཀྱི་འགྱུར་བ་གང་འཚམ་ཞིག་ཐེབས་མི་ཡོང་ངམ་སྙམ་པའི་རེ་བ་ཡོད། ང་རང་ཚོ་མིའི་མཐོང་ཆོས་ཀྱི་འཛམ་བུ་གླིང་གི་འགྱུར་བའི་འགྲོ་སྟངས་དང༌། དེ་བཞིན་མིས་མཐོང་ཆོས་སུ་མེད་པའི་བསོད་ནམས་ཀྱི་ནུས་པ་སོགས་ཕྱོགས་གང་སར་གཞིགས་ན་ལོ་ཤས་ནང་ལ་ང་རང་ཚོར་དུས་ཚོད་ཡག་པོ་ཞིག་ཤར་ཐུབ་པའི་རེ་བ་ཡོད། ཡིན་ན་ཡང་ངས་ཐག་ཆོད་པ་ཞིག་ད་ལྟ་བརྗོད་ཐུབ་ཀྱི་མི་འདུག དེ་ལྟའི་དུས་སུ་སླེབས་ཡོད་སྟབས་ང་རང་ཚོ་ཚང་མས་རིག་པ་བསྒྲིམས། བོད་སྤྱི་པའི་དོན་དག་སྙིང་ལ་བཅངས་ཏེ་ཆུ་ཚོད་སྐར་མ་གཅིག་གཉིས་ཡིན་ན་ཡང་འཐུས་མི་ཤོར་བའི་གཟབ་གཟབ་བྱེད་དགོས།
ཆུང་ཙག་གི་ཐོག་ལ་ཕན་ཚུན་བཟོད་བསྲན་དང་བརྗེད་དུ་བཅུག་སྟེ་བྱབ་ཆུང་བྱེད་མི་རུང༌། ང་ཚོ་བོད་གཞུང་གི་ལས་ཀ་བྱེད་མཁན་ནང་ལའང་བྱབ་ཆུང་བ་མང་པོས་ཉིན་མ་བསྐྱལ་ཡོད། ང་ཚོར་དུས་ཚོད་ཡག་པོ་ཡོད་པའི་སྐབས་ལ་དོན་དག་ཆུང་ཆུང་རིགས་ལ་མགོ་འཁོར་ཏེ་སྤྱི་པའི་དོན་དག་ཆེན་པོའི་ཐོག་འཐུས་ཤོར་ཕྱིན་པ་ང་ཚོས་མཐོང་རྒྱུ་ཡོད། ང་ཚོས་འདས་པའི་ཉམས་མྱོང་བསགས་ནས་ད་ཆ་ང་ཚོས་བྱབ་ཆུང་བ་གཏན་ནས་བྱེད་རྒྱུ་མེད། ཕྱི་ལུས་ལ་གྲྭ་ཆས་གྱོན་པ་དང༌། ནང་དུ་ཤེས་བྱ་ཡོན་ཏན་ཡག་པོ་ཡོད་པ། རྒྱུ་དངོས་པོ་ཡོད་ཀྱང་བྱབ་ཆུང་བ་བྱས་ན་དགོས་པ་གང་ཡང་མེད།

ཁ༽ འབྲུག་གི་གནས་ཚུལ་དང་། གཞིས་སྤོས་ཀྱི་དཀའ་ངལ།

དེ་ནས་འབྲུག་གི་གནས་ཚུལ་སྐོར། སྐབས་དེར་ཛ་དྲག་གི་གནས་ཚུལ་བྱུང་ན་ཡང་དེའི་རྗེས་ལ་གནས་ཚུལ་ཕྲན་བུ་ལྷིང་འཇགས་པ་རེད། དོན་སྙིང་འབྲུག་ནང་བོད་མི་སྟོང་ཕྲག་བཞི་ཙམ་ཞིག་ཡོད་པའི་ནང་ནས། བོད་མི་སྟོང་ཕྲག་གསུམ་ཙམ་ཞིག་གིས་སེམས་ཐག་གཙང་མ་བཅད་དེ་འབྲུག་གི་ནང་ལ་སྡོད་ཀྱི་མིན་ཞེས་འབྲུག་གཞུང་ལ་སྙན་སེང་ཞུས་པ་རེད། འབྲུག་གཞུང་ནས་ཀྱང་འབྲུག་ནང་བསྡད་འདོད་མེད་པ་རྣམས་ཕྱིན་ན་འགྲིགས་ཞེས་ཐག་བཅད་པ་རེད། འབྲུག་ནང་སྡོད་འདོད་མེད་མཁན་རྣམས་ཀྱི་སྐོར་འབྲུག་གཞུང་ནས་ཀྱང་རྒྱ་གར་གཞུང་ལ་ཞུས་ཡོད་པ་དང༌། ང་ཚོའི་ངོས་ནས་ཀྱང་རྒྱ་གར་གཞུང་ལ་སྔ་ཕྱི་རིམ་པར་ཞུས་ཏེ་མཐའ་མ་མི་ཆིག་སྟོང་ལྔ་བརྒྱ་ཐམ་པ་རྒྱ་གར་ནང་ལ་བླངས་ཏེ་གཞིས་ཆགས་བྱེད་རྒྱུ་གཏན་འཁེལ་བྱུང༌། དེ་འཕྲོས་ཆིག་སྟོང་བཞི་བརྒྱ་ལྷག་ཙམ་ཞིག་འགྲོ་སའི་འགྲོ་ཁུངས་གསལ་པོ་གཏན་འཁེལ་མ་ཐུབ་པར་བསྡད་ཡོད།
རྒྱ་གར་གཞུང་ནས་རྒྱ་གར་ནང་ལ་འབྲུག་ནས་བོད་མི་ཆིག་སྟོང་ལྔ་བརྒྱ་ཐམ་པ་ལས་ལེན་ཐུབ་པ་མི་འདུག ད་ལྟ་རྒྱ་གར་ནང་ལ་ཡང་ད་དུང་བོད་མི་གཞིས་ཆགས་བྱེད་རྒྱུ་སྟོང་ཕྲག་བརྒྱད་ཙམ་ཞིག་བསྡད་ཡོད་པས་དཀའ་ངལ་འདུག་གསུང་གི་ཡོད། སྔོན་མ་འབྲུག་གཞུང་གིས་ཕྱི་རྒྱལ་འགའ་ཤས་ལ་འབྲེལ་བ་གནང་ཡོད་ལ། ང་ཚོས་ཀྱང་དེའི་རྗེས་སྣོན་བྱས་ཏེ་ཕྱི་རྒྱལ་འགའ་ཤས་ལ་འབོད་སྐུལ་བྱས་ཡོད་ཀྱང༌། སྐབས་དེར་ཝི་རྡི་ནམ་གྱི་བཙན་བྱོལ་བ་ལེན་གྱི་ཡོད་སྟབས། བོད་པ་ལེན་ཐུབ་རྒྱུ་ཁག་པོ་འདུག་ཅེས་བཤད་པ་རེད། དེ་ནས་སྔ་ལོ་ང་ཨ་མི་རི་ཀར་སླེབས་སྐབས་འཛམ་གླིང་རྒྱལ་ཚོགས་ཀྱི་བཙན་བྱོལ་བར་ལྟ་རྟོག་བྱེད་མཁན་གྱི་ལས་ཁུངས་དེར་ངོ་ནས་ཡི་གེ་ཞིག་ཕུལ་བ་ཡིན། ལས་ཁུངས་དེ་ནས་དོ་སྣང་ཆེན་པོ་བྱས་ཏེ་འབྲུག་ནང་ལ་ལྟ་སྐོར་བ་གཏོང་རྒྱུའི་འབད་བརྩོན་བྱས་ཀྱང༌། འབྲུག་གཞུང་གིས་མོས་མཐུན་མ་བྱུང་ཞིང་། ད་ལམ་ཡང་བསྐྱར་ལས་ཁུངས་དེར་ཡི་གེ་ཞིག་ཕུལ་བ་ཡིན། དེ་ནས་ཁེ་ཎ་ཌར་སླེབས་པའི་ཞོར་དུ་ཁེ་ཎ་ཌའི་སྲིད་བློན་ལའང་ཕྱག་བྲིས་ཤིག་ཕུལ་ཏེ་འབྲུག་ནས་བོད་མི་གང་འཚམ་ཞིག་ལེན་ཐབས་ཡོང་བའི་ཞུ་བསྐུལ་བྱས་ཡོད།

(བཀའ་སློབ་འདིའི་འཇུག་ནས་ཕྲན་བུ་ཞིག་གསུང་པར་གསལ་མིན་གྱིས་ཡིག་ཐོག་ཕབ་འགོད་ཞུ་མ་ཐུབ་པར་བཟོད་གསོལ་ཞུ་རྒྱུ།)