༄༅། །ཕྱི་ལོ་ ༡༩༨༠ ཟླ་ ༡༠ ཚེས་ ༨ ཉིན་གཞོན་ནུའི་ཚོགས་ཆེན་ཐེངས་བཞི་པའི་ཐོག་སྩལ་བའི་བཀའ་སློབ།

ཀ༽ གཉེན་འཕྲད་འགོ་འཛུགས་དང་། གོ་བསྡུར་ཞིབ་ལྷུག

ཁྱེད་རང་ཚོ་དུས་དུས་ལ་ཚོགས་འཛོམས་བྱེད་པའི་སྐབས་ལ་འདྲ་ཆགས་ཆགས་དང་། སྤམ་པོ་མིན་པར། ཚོགས་འཛོམས་བྱེད་གོ་ཆོད་པ་ཞིག་བྱེད་དགོས། ཁྱེད་རང་ཚོ་ཕྱོགས་མཐའ་ནས་ཡོང་མཁན་ཚོས་ཕྱི་ནས་སྐད་ཆ་འདྲ་མིན་གོ་བ་དང་། བསམ་ཚུལ་འདྲ་མིན། མཐོང་ཚུལ་འདྲ་མིན་ཡོད་པ་དེ་དག་བཤད། དེ་ཡང་བཀའ་ཤག་གིས་མཚོན་པའི་ལས་ཁུངས་ཚང་མ་འདིར་ཡོད་པས། ཁྱེད་རང་ཚོས་བསམ་འཆར་འདྲ་ཡོད་ན་བཤད། དོགས་པ་སེལ་དགོས་པ་དེ་འདྲ་ཡོད་ན་སྐད་ཆ་དྲིས། གང་ལྟར་ཡང་སྙིང་ཕྱོགས་མཐའ་ལ་ཡོད་པའི་བསམ་ཚུལ་དང་མཐོང་ཚུལ་དེ་དག་གསལ་པོར་བཤད་དགོས། གང་ལྟར་རྒྱབ་མདུན་ངོ་ལྐོག་མེད་པ་དང་། གཡོ་ཟོལ་དང་། འདྲ་ཆགས་ཆགས་ཙམ་མ་ཡིན་པར་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་པ་དང་། གོ་བསྡུར་གསལ་པོ་བྱེད་དགོས།
ད་ལོ་དམིགས་བསལ་བོད་ནང་ལ་གཉེན་འཕྲད་འགྲོ་འོང་གི་གོ་སྐབས་བྱུང་བ་ལྟར། ཁ་སང་ཁོང་ཚོ་ལྟ་སྐོར་ལ་ཕྱིན་པ་རེད། ད་ལམ་ཉེ་ཆར་བོད་ནས་ཡོང་མཁན་བོད་ཀྱི་གནས་ཚུལ་མགོ་འཚོས་མཁན་ཁ་ཤས་ཡོད། དེ་རིགས་ལ་ཕར་ཚུར་འབྲེལ་བ་བྱས་ཏེ་གནས་ཚུལ་ཤེས་རྟོགས་ཐུབ་པ་བྱེད་དགོས། ཁོང་ཚོས་དཀའ་ངལ་དང་བདེ་སྡུག་དངོས་སུ་མྱངས་ཡོད། ཡང་གྲོང་གསེབ་པ་འགའ་ཞིག་གིས་གནས་ཚུལ་གསལ་པོ་མགོ་མ་འཚོས་པར། ཤོད་སྟངས་ཁ་མཐུན་པོ་མེད་པ་དེ་འདྲ་ཁ་ཤས་ཡོང་གི་འདུག དེ་ཚོར་དོ་སྣང་ཞིབ་འཇུག་ནན་ཏན་བྱེད་དགོས།
ང་ཚོས་རྒྱུན་དུ་མཐུན་བསྒྲིལ་དགོས་ཀྱི་འདུག་ཟེར་གྱི་ཡོད། བོད་ནང་ལ་ཆ་བཞག་ན། ཚང་མ་དགྲ་བོའི་བཙན་གནོན་འོག་ལ་གནས་ཡོད་སྟབས་རང་བཞིན་གྱིས་རྡོག་འགྲིལ་པོ་དང་། རང་བཞིན་གྱིས་བསམ་བློའི་ནང་ལ་ཆིག་སྒྲིལ་གྱི་ནུས་པ་ཆེན་པོ་ཞིག་ཡོང་གི་ཡོད། ང་རང་ཚོ་རང་དབང་ལུང་པའི་ནང་ལ་སྡོད་མཁན་ཚོ་གཞི་རྩའི་ཐོག་ནས་གནས་སྟངས་ཡག་ཐག་ཆོད་ཡོད་ཀྱང་། བོད་ནང་ལ་ཡོད་པའི་དངངས་སྐྲག་དེ་ལྟར་མེད་པའི་དབང་གིས་ང་རང་ཚོའི་བསམ་བློའི་ནང་ལ་རང་བཞིན་གྱིས་ངར་ཤུགས་ཕྲན་བུ་ཆུང་དུ་འགྲོ་གི་ཡོད། དེ་ནི་ཆོས་ཉིད་རེད། དེ་འདྲའི་རྐྱེན་གྱིས་དོན་དག་ཆེ་སའི་བསམ་བློ་མ་འཁོར་བར། ཆུང་ཙག་ཕྲན་བུར་ལམ་སེང་ཁོང་ཁྲོ་ལངས་པ་དང་། བཤད་རེས་བྱེད་པ་ཡོང་གི་ཡོད།
བོད་མི་སྟོང་ཕྲག་བརྒྱ་དང་བཅུ་གྲངས་ཡོད་པའི་ནང་ལ་དེ་འདྲ་རེ་ཟུང་ཡོད་སྲིད་ཀྱི་རེད། དེ་དག་ནི་སོ་སོས་གནས་ཚུལ་གསལ་པོ་ཞིག་མ་རྟོགས། སྲང་ལམ་ནང་གི་གཏམ་འཆལ་ལ་བདེན་འཛིན་བྱས་པའི་སྐྱོན་ཆ་རེད། དེར་བརྟེན་དུས་དུས་ལ་ཚོགས་འཛོམས་ཡོང་བའི་སྐབས་ལ་ཕར་ཚུར་གནས་ཚུལ་གསལ་བཤད་དང་། གནས་ཚུལ་སྦྱངས་བཤད་བཏང་ནས་གསལ་པོ་བཟོ་ཐུབ་ན། དེའི་ཚོད་ཀྱིས་ཕན་ཚུན་ཡིད་ཆེས་མང་དུ་རྙེད་ཐུབ་པ་ཡོང་གི་རེད། ས་གནས་སོ་སོའི་གནས་ཚུལ་འདྲ་མིན་དེ་དག་གསལ་པོ་རྟོགས་ཐུབ་པ་བྱུང་ན། སྤྱི་ཚོགས་ནང་མགོ་མ་འཚོས་པའི་དཀྲོག་གཏམ་དང་། དཀྲུག་ཤིང་གི་སྐད་ཆ་དེ་ཚོར་ཕན་ཡོང་གི་རེད། ཚོགས་འཛོམས་བྱེད་པའི་སྐབས་ལ་དུས་ཚོད་ཆུད་ཟོས་མ་བཏང་བར་སྦྱངས་བཤད་ཡག་པོ་བྱས་ཏེ་བསམ་བློའི་ནང་ལ་ཚིམས་པོ་དང་། བསམ་བློའི་ནང་བློ་ཁ་ཁེངས་པ་ཞིག་བྱུང་ན། མཐུན་སྒྲིལ་དེའི་ཐོག་ཡོང་གི་རེད། ཡིད་ཆེས་ཀྱང་དེའི་ཐོག་ནས་ཡོང་གི་རེད། ང་རང་ཚོ་ཚོགས་འདུ་ཡང་ཡང་འཚོགས་ནས་ཉམས་མྱོང་མང་དུ་འགྲོ་གི་ཡོད། གནས་ཚུལ་མང་པོ་ཞིག་ཤེས་ཀྱི་ཡོད། གྲུབ་འབྲས་ཡག་པོ་ཞིག་ཡོང་བར་ཚང་མས་འབད་བརྩོན་དང་ཧུར་ཐག་བྱེད་དགོས།

ཁ༽ གཞིས་བྱེས་རྒྱུས་ལོན་དང་། གཞིས་ལུས་ཀྱི་དཀའ་སྡུག

རྩ་བའི་ང་རང་ཚོའི་བོད་སྤྱི་པའི་དོན་དག་ནི། འདས་པའི་ལོ་དེ་དག་གི་ནང་ལ་གནས་ཚུལ་ཇེ་བཟང་དུ་ཕྱིན་པ་རེད། ང་རང་ཚོའི་རྩ་དོན་ཐོག་ལ་བཟོ་ལྟ་ཐོན་རྒྱུའི་དུས་སྐབས་ལ་སླེབས་མེད་ན་ཡང་། བོད་ཕྱི་ནང་ཕར་ཚུར་འགྲོ་འོང་གི་འབྲེལ་བ་ཞིག་བྱུང་ཡོད། དེ་ཡང་ཁུག་ཁུག་ཀྱོག་ཀྱོག་མིན་པར། གདོང་དང་གདོང་བསྟན་ནས་ཡོངས་གྲགས་ཐོག་ནས་འགྲོ་ཐུབ་པའི་གོ་སྐབས་ཤིག་བྱུང་བ་རེད། ད་ཕན་བོད་ནང་གི་གནས་ཚུལ་སྒྲུབ་རྒྱུ་ལས་འགན་གཙོ་བོ་ཞིག་ལ་བརྩིས་ནས་ང་ཚོས་གནས་ཚུལ་གང་ལ་གང་འཚམ་ཞིག་ཤེས་ཀྱི་ཡོད་ཀྱང་། ད་ཆ་ང་རང་ཚོའི་མི་ས་གནས་ས་ཐོག་ལ་གཅིག་མཇུག་གཉིས་མཐུད་ཀྱིས་ཕྱིན། སོ་སོས་མིག་གིས་མཐོང་ཞིང་། ལག་གིས་ཟིན་པའི་ཐོག་ནས་གནས་ཚུལ་རྟོགས་ཐུབ་པའི་ཕན་ཐོགས་ཡོང་གི་ཡོད།
གཉིས་ནས་ང་རང་ཚོ་བཙན་བྱོལ་བོད་མིའི་གནས་སྟངས་དང་། བསམ་ཚུལ་སྤྱོད་ཚུལ་གང་ཡོད་བོད་ནང་ལ་བཤད་རྒྱུའི་གོ་སྐབས་བྱུང་སྟབས། བོད་ནང་གི་མི་དེ་དག་བློ་བདེ་པོ་ཡོང་བ་དང་། སྤོབས་པ་རྙེད་པ་བྱུང་ཡོད། བོད་ནང་སེམས་ཤུགས་ཡོད་མུས་ཐོག ད་དུང་འཕེལ་རྒྱས་འགྲོ་བར་ཕན་ཐོགས་བྱུང་ཡོད། བོད་དོན་ནི་བོད་མི་མང་གི་དོན་དག་ཡིན། བོད་མི་མང་གི་དོན་དག་ནི་བོད་མི་མང་གི་བསམ་བློ་ལ་རག་ལུས་པ་རེད། བོད་ཕྱི་ནང་གཉིས་ལ་ཡོད་པའི་བོད་མི་ཚོའི་བསམ་བློའི་གནས་ཚུལ་གསལ་པོ་རྟོགས་ཡོང་དུས་ཕན་ཐོགས་ཆེན་པོ་ཡོང་གི་རེད། ད་ལྟ་ཕན་ལ་ལྟ་སྐོར་ཐེངས་གསུམ་ཕྱིན་པ་རེད། ཐེངས་བཞི་པ་དེ་གནས་སྐབས་འགྱངས་པ་རེད།
གང་ལྟར་ཐེངས་གསུམ་ཕྱིན་པ་དེའི་ཐོག་ནས་ཕན་ཐོགས་ཆེན་པོ་བྱུང་ཡོད། གཙོ་ཆེ་ཤོས་བོད་ནང་བར་སྐབས་དཀའ་སྡུག་མྱོང་ཚུལ་རྣམས་བོད་ནས་བསྐུར་བའི་ཡི་གེ་དང་། འཕྲིན་ལན། མི་འགྲོ་རྣམས་ཀྱི་ངག་ཐོག་གི་འགྲེལ་བཤད་གོ་ཐོས་ཡོང་སྐབས་ཧ་ལས་པ་དང་། བློ་ཡུལ་དུ་མ་ཤོང་བ་ལྟ་བུ། མིག་ཆུ་མ་ཤོར་ཐབས་མེད་པ་ལྟ་བུ་འདུག འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཧི་ཀྲི་ལར་གྱིས་མི་ཁྲི་ཕྲག་འབུམ་ཕྲག་འཁྲུལ་འཁོར་བརྒྱུད་ནས་བསད་པ་ལྟར། གྲངས་ཀ་མང་ཉུང་དང་། བྱེད་སྟངས་རྣམ་པ་མི་འདྲ་བ་ཙམ་ལས་གདུག་རྩུབ་དཀའ་སྡུག་མྱོང་སྟངས་གཅིག་གྱུར་མྱངས་འདུག
གང་ལྟར་ཡང་སྙིང་དེང་སང་ས་ཁུལ་འགའ་ཞིག་ལ་བོད་མི་ཁྱོ་ག་རྒན་པའི་གྲས་ཧ་ལམ་མཐོང་རྒྱུ་མེད་པ་ཆགས་འདུག དེ་དག་ཚང་མ་རྒྱ་གར་ནང་ལ་ཐར་མེད་པར་མང་ཆེ་བ་བསད་པ་དང་། ལྟོགས་ཤི་ཐེབས་པ། རང་ཤི་བརྒྱབ་པ་སོགས་ཀྱི་ཐོག་ནས་རྫོགས་པ་ཞིག་རེད། ས་གནས་གང་འདྲ་ཞིག་ལ་སླེབས་ན་ཡང་། ཚང་མ་ལྟོ་ཆས་ཕྱེད་འགྲངས་བྱས་ནས་སྡོད་དགོས་པ་དང་། དེ་ཡང་ལྟོ་ཆས་རྙིང་པ་བཟའ་དགོས་པ། ས་ཁུལ་ཁ་ཤས་ལ་གྲོ་ཞིབ་དང་རྩམ་པའི་ནང་ལ་ཤིང་ཕྱེ་འདྲེས་པ་དེ་འདྲ་ལོ་དང་ཟླ་བ་བསྟུད་ནས་བཟས་པའི་རྐྱེན་གྱིས་ཕོ་བར་སྐྱོན་ཤོར་བའི་ནད་པ་མང་པོ། དངངས་སྐྲག་དང་བསམ་བློ་མ་སྐྱིད་པའི་དབང་གིས་རླུང་ནད་ཅན་མང་པོ། སྨྱོན་པ་མང་པོ། གྲིབ་སྐྱོན་ཕོག་མཁན་མང་པོ་ཡོད་པ་སོགས་ཧ་ལས་པའི་དཀའ་སྡུག་མང་པོ་མྱངས་འདུག
ཡིན་ན་ཡང་བོད་མི་མང་གི་སེམས་ཤུགས་ལ་ཆ་བཞག་ན། ཧ་ལས་པའི་སེམས་ཤུགས་ཆེན་པོ་འདུག རྒྱ་མིས་བསླུ་བྲིད་ཐབས་ཤེས་བྱས་པ་དང་། བཙན་པོ་དབང་ཡོད་ཐོག་ནས་ཐབས་ཤེས་བྱས་ཡོད། སློབ་སྦྱོང་ཐོག་ནས་ཐབས་ཤེས་བྱས་ཡོད་། ཐབས་ཤེས་འཇམ་རྩུབ་རྣམ་པ་འདྲ་མིན་སྣ་ཚོགས་བྱས་ཡོད་ཀྱང་། གང་ལྟར་དེ་དག་ཕམ་ཉེས་ཕྱིན་པ་རེད། ད་ཆ་རྒྱ་མི་ཁོ་རང་ཚོའི་ཁ་ནས་ད་ལྟ་བར་བོད་ལ་སྲིད་བྱུས་འཛིན་སྟངས་ནོར་འདུག་ཟེར་གྱི་ཡོད།

ག༽ གཅིག་སྒྲིལ་གྱི་སེམས་ཤུགས་དང་། སྲིད་དོན་གྱི་རྩ་དོན།

བོད་མི་རིགས་གཅིག་གྱུར་ཡིན་བསམ་པའི་བསམ་བློ་དེང་སང་ཧ་ཅང་ཤུགས་ཆེན་པོ་འདུག དཔེར་ན། ཨ་མདོ་ཁུལ་དང་། ལྷ་ས་ཁུལ་ནས་ང་ལ་ཡི་གེ་བཏང་བ་དེ་ཚོའི་ནང་ལ་གངས་ལྗོངས་དང་། ང་ཚོ་གངས་ཅན་པ་ཟེར་བ། བོད་དང་བོད་ཆེན་པོ་ཞེས་པའི་མིང་ཚིག་བྲིས་ཡོང་གི་འདུག དེས་རྟགས་མཚན་གང་ཞིག་སྟོན་གྱི་ཡོད་ཅེ་ན། ང་ཚོ་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་པའི་རྣམ་འགྱུར་སྟོན་གྱི་ཡོད། བསམ་ཚུལ་འདི་དངོས་གནས་རླབས་ཆེན་རེད།
ང་རང་ཚོ་བོད་མི་བཙན་བྱོལ་བ་མི་ས་མ་རིར་ཐོག་མར་འབྱོར་སྐབས་ནས་བཟུང་ང་ཚོས་ཆོལ་ཁ་གསུམ་གཅིག་གྱུར་བྱ་རྒྱུ་གལ་ཆེར་བརྩིས་ནས་ལས་ཀ་བྱས་ཡོད། དཔེར་ན། མི་གྲངས་མང་ཉུང་ཆ་ནས་བརྩིས་ན་དབུས་གཙང་དང་། སྟོད་ཁུལ་གྱི་མི་མང་ཤོས་ཆགས་ཡོད་ཀྱང་། མདོ་སྟོད་སྨད་ཆོལ་ཁ་འདྲ་མཉམ་གྱི་ཐོག་ནས་སྤྱི་འཐུས་ཀྱི་མི་གྲངས་གཏན་འབེབས་བྱས་ཡོད། གང་ལྟར་ཡང་སྙིང་ང་རང་ཚོ་མིའི་ལུང་པར་སླེབས་པ་རྣམས་ནས་ཀྱང་ཆོལ་ཁ་གསུམ་ཆིག་སྒྲིལ་བྱ་རྒྱུ་འདི་དང་པོ་ནས་རྩ་དོན་གཅིག་ལ་ཟིན་ཏེ་མང་ཚོགས་ལ་སློབ་གསོ་བཏང་། འགྲེལ་བཤད་བརྒྱབ་ཡོད། དེ་དུས་ཁྱེད་རང་ཚོ་ཕྲུ་གུ་ཆུང་ཆུང་ཡིན་ཡང་། དེང་སང་ཁྱེད་རང་ཚོའི་བསམ་བློའི་ནང་ལ་ཆོལ་ཁ་གསུམ་ཟེར་བའི་བསམ་བློ་དང་། བོད་མི་ས་ཡ་དྲུག་ཅེས་པའི་གོ་དོན་ཞིག་བློ་ལ་འཆར་གྱི་ཡོད། གང་ལྟར་ང་ཚོས་བོད་མི་ས་ཡ་དྲུག་སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ་བྱེད་རྒྱུའི་སྲིད་བྱུས་དེ་ཟིན་པ་རེད།
སྔར་བོད་རྗེ་ཆོས་རྒྱལ་ཚོའི་སྐབས་སུ་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་པའི་གནས་ཚུལ་གསལ་པོ་ཡོད་ཀྱང་། དུས་ཕྱིས་དགའ་ལྡན་ཕོ་བྲང་གིས་སྲིད་བྱུས་སྐྱོང་སྟངས་ཀྱི་གནས་ཚུལ་ཐོག་ནས་འཐུས་ཤོར་ཕྱིན་པ་རེད། དཔེར་ན། ང་སྐྱེས་ས་ཨ་མདོར་ཆ་བཞག་ན། དུས་རབས་བརྒྱ་ཕྲག་འགའ་ཤས་ཁ་བྲལ་ནས་བསྡད་པ་རེད། ཁམས་ཁུལ་ལ་མཚོན་ན་ཡང་། སྐབས་བསྟུན་ས་མཚམས་ཡས་མས་ངེས་མེད་ལྟ་བུར་བསྡད་པ་ལས། མདོ་སྟོད་ཡོངས་སུ་རྫོགས་པ་བོད་གཞུང་དགའ་ལྡན་ཕོ་བྲང་གི་མངའ་འོག་ཏུ་ཧྲ་ཏག་ཏག་ཟིན་པ་གསལ་པོ་ཨེ་ཡོད་སྙམ་པ་དེ་འདྲ་ཞིག་ཐོག་གནས་པ་རེད། ཡིན་ན་ཡང་དེང་སང་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཡིན་པ་འདི་རང་བཞིན་གྱི་བསམ་བློའི་ནང་བག་ཆགས་གསལ་དུ་ཕྱིན་པ་འདི་ཧ་ཅང་ཡག་པོ་རེད། ང་ཚོའི་སྲིད་དོན་གྱི་ཆ་རྐྱེན་གཙོ་བོ་ཡང་འདི་རེད།
བོད་ནང་ལ་ཡོད་པའི་རྒྱ་ཆེའི་མི་མང་ཚོས་སོ་སོའི་སྐད་ཡིག་དང་། ཆོས་དང་རིག་གཞུང་། མདོར་ན་གཞས་དང་ཞབས་བྲོས་མཚོན། སོ་སོའི་གོམས་གཤིས་ལ་དགའ་པོ་བྱེད་པ་འདི་ང་ཚོའི་རྩ་དོན་རེད། ང་ཚོས་ཆབ་སྲིད་ཀྱི་རང་དབང་ཐོབ་ཐང་དགོས་ཀྱི་ཡོད་ཅེས་བཤད་པ་འདི་ཡང་རྩ་བ་མི་རིགས་ཐ་དད་ཡིན་པ་དང་། ཆོས་དང་རིག་གཞུང་། བསམ་བློ། གོམས་གཤིས་སོགས་ཐ་དད་ཡིན་པའི་རྒྱུ་མཚན་འདི་དག་ཐོག་ནས་ང་ཚོས་ཆབ་སྲིད་ཀྱི་ཐོབ་ཐང་རྩོད་ཀྱི་ཡོད།
དེང་སང་བོད་ནང་ལ་བོད་མི་མང་གི་བསམ་ཚུལ་གཞི་རྩའི་ཆ་རྐྱེན་ཧ་ཅང་ཡག་པོ་འདུག དེ་དག་ཡོང་བའི་རྒྱུ་རྐྱེན་ཕྱེད་ཀ་རྒྱ་མིའི་བཀའ་དྲིན་རེད། རྒྱ་མིའི་བཀའ་དྲིན་ཡིན་ལུགས་ཇི་ལྟར་ཡིན་ཞེ་ན། ཐོག་མར་རྒྱ་དམག་བོད་ལ་ཡོང་དོན་ནི། བཙན་རྒྱལ་རིང་ལུགས་ཀྱི་བཙན་དབང་འོག་ནས་བོད་བཅིངས་བཀྲོལ་གཏོང་བའི་ཆེད་དང་། བོད་ལ་བདེ་སྐྱིད་སྒྲུབ་ཆེད་ཡིན་ཞེས་བཤད་ཡོད། བོད་ནང་ལ་བཙན་རྒྱལ་རིང་ལུགས་ཀྱི་བཙན་དབང་མེད་ཀྱང་། བོད་ནང་ལ་གྲལ་རིམ་རྙིང་པ་དང་། སྤྱི་ཚོགས་རྙིང་པའི་བྱེད་སྟངས་རན་མིན་ཕྲན་བུ་དང་། རྗེས་ལུས་ཀྱི་རྣམ་པ་ཏན་ཏན་ཡོད། དེ་དག་ཁ་ཡོད་ལག་ཡོད་སྒྱུར་བཅོས་བཏང་། ལུང་པ་འཛུགས་སྐྲུན་ཡག་པོ་ཞིག་བྱས། གྲོས་མཐུན་ནང་བོད་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་གསལ་བ་དེ་ཕྱི་ལོ་ ༡༩༥༤ ལོར་ངོས་རང་པེ་ཅིང་དུ་སླེབས་སྐབས་བོད་ལ་དམག་སྲིད་ཨུ་ཡོན་ལྷན་ཁང་འཛུགས་མི་དགོས་པར། ད་ཆ་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ན་འགྲིགས་པའི་གཏན་འཁེལ་བྱུང་བ་རེད། རང་སྐྱོང་ལྗོངས་ཟེར་བ་འདི་མི་རིགས་རང་གི་ས་ཁུལ་ལ་མི་རིགས་རང་ཉིད་ཀྱིས་བདག་དབང་འཛིན་རྒྱུའི་གནས་ཚུལ་ཞིག་ཡིན་པ་རེད།

ང༽ བོད་རྒྱ་ཐ་དད་དང་། བདེན་པའི་ནུས་ཤུགས།

ཕྱི་ལོ་ ༡༩༥༦ ལོར་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཙུགས་ཤིང་། རྒྱ་མིས་བོད་མི་རིགས་ལ་ཤ་ཚ་དང་། བྱམས་སྐྱོང་། རང་སྐྱོང་ལྗོངས་ཀྱི་མིང་དོན་མཚུངས་པའི་ལས་དོན་ཡག་པོ་ཞིག་བྱས་ཡོད་ན། ད་ཚོད་རྒྱ་མི་དང་བོད་པའི་དབར་འགལ་ཟླ་འདི་ལྟ་བུ་ནམ་ཡང་ཡོང་ཐབས་མེད། དེང་སྐབས་མཐོ་བ་ལས་བྱེད་པའི་ནང་ལ་ཆ་བཞག་ན། རྒྱ་བོད་གཉིས་ཟེར་བའི་བསམ་ཚུལ་ཐ་དད་དུ་ཐོན་ཡོང་གི་ཡོད་ལ། བར་དུ་སློབ་གྲྭའི་ནང་དང་། བཟོ་པའི་ནང་དུ་ཡིན་ཡང་རུང་། སྤྱི་བཏང་སྲང་ལམ་ནང་ལ་ཡིན་ཡང་རུང་། རྒྱ་ཆེའི་མི་མང་ནང་ལའང་རྒྱ་བོད་གཉིས་ཀྱི་བསམ་ཚུལ་རྣམ་པ་ཐ་དད་དུ་ཐོན་ཡོང་གི་ཡོད།
དམའ་ས་བཙོན་ཁང་ནང་ལའང་ཆ་བཞག་ནའང་། རྒྱ་མིའི་བཙོན་པ་དང་བོད་པའི་བཙོན་པ་གཉིས་ལ་ཁྱད་པར་ཐོན་ཡོང་གི་ཡོད། གང་ལྟར་རྒྱ་མི་ཁོ་རང་ཚོས་གྲངས་ཉུང་མི་རིགས་དེ་དག་རྒྱ་མི་རིགས་ཆེན་པོ་དང་མཉམ་དུ་གཅིག་ཏུ་བསྒྲིལ་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོ་འཛུགས་སྐྲུན་བྱེད་དགོས་ཞེས་ཁ་ནས་བཤད་པ་ཙམ་ལས། ངོ་ཐོག་ཡང་སྙིང་གྲངས་ཉུང་མི་རིགས་རྣམས་ལ་མནར་གཅོད་སྡུག་པོ་བཏང་བའི་ཉེར་ལེན་གྱིས་ད་ཆ་གྲངས་ཉུང་མི་རིགས་ཚང་མ་ཞེ་ཐག་པ་ནས་བློ་ཕམ་དང་། ཡིད་ཐང་ཆད་པའི་གནས་ཚུལ་འདི་རྒྱ་མི་ཁོ་རང་ཚོས་བཟོས་པ་རེད།
བོད་པ་རྣམས་ཀྱང་རྒྱ་མིར་ཞེ་ལོག་པ་འདི་ཕྱེད་ཀ་རྒྱ་མིས་བཟོས་པའི་བཀའ་དྲིན་དང་། ཕྱེད་ཀ་ང་རང་ཚོ་བོད་མི་རིགས་རང་ཉིད་ཀྱིས་སོ་སོའི་མི་རིགས་ལ་ཞེན་དང་ཤ་ཚ་བྱས་པའི་འབྲས་བུ་རེད། གང་ལྟར་ཡང་སྙིང་དངོས་ཡོད་གནས་ཚུལ་ལ་བོད་མི་རིགས་རྣམས་བསམ་བློ་རྡོག་ལ་བསྒྲིལ་ཏེ་བརྟན་པོའི་ཐོག་ཏུ་བསྡད་ཡོད། དེ་ནི་ང་ཚོའི་ཆབ་སྲིད་ཀྱི་རྩ་དོན་བདེན་པའི་ནུས་པ་ཆེ་ཤོས་ཤིག་རེད། བོད་ནང་ལ་དཀའ་ངལ་ཆེ་ལ། མཐུན་རྐྱེན་མ་འཛོམས་པ་དེ་ལྟ་བུའི་འོག་ནས་སྙིང་སྟོབས་མ་ཞུམ་པར་འབད་བརྩོན་བྱེད་བཞིན་ཡོད། སྲོག་ལ་ཕངས་སེམས་མེད་ཅེས་བརྗོད་ཀྱི་ཡོད་པ་ལྟར་ཡིན་ཐག་ཆོད་རེད། དེ་ལྟ་བུའི་སེམས་ཐག་གཅོད་ཀྱི་ཡོད་སྟབས། བོད་ནང་སྒུག་ཡུན་མ་འཁྱོངས་པར་འདོད་ཐག་ཐུང་ཐུང་བྱས་ནས་ཛ་དྲག་གི་ཐལ་ཆ་ལྟ་བུ་ཕྱིན་མི་ཡོང་ངམ་སྙམ་པའི་ང་ཚོ་བློ་གཡེང་བྱེད་དགོས་པའི་གནས་སྐབས་སུ་སླེབས་ཡོད།

ཅ༽ འཐབ་རྩོད་ཀྱི་འགན་ལེན་དང་། རྒྱུན་མཐུད་ཀྱི་འབད་བརྩོན།

སྔོན་མ་རྒྱ་གར་གྱི་དཔོན་རིགས་ཚོས་བརྗོད་པ་ལྟར། རང་དབང་གི་དོན་ལ་འཐབ་རྩོད་བྱེད་པ་འདིར་འགན་ལེན་བྱེད་མཁན་སུ་ཡང་མེད། རང་ཉིད་ཀྱིས་འཐབ་རྩོད་བྱེད་པའི་ངོ་བོ་དེ་དྲང་བདེན་ཡིན་པ་དང་། འོས་པ་ཞིག་ཏུ་བལྟས་ཏེ་སེམས་ཐག་བཅད་ནས་དེ་སྒྲུབ་ཀྱི་ཡོད། དཔེར་ན། རྒྱ་གར་རང་བཙན་གྱི་འཐབ་རྩོད་བྱེད་སྐབས་ཕྱི་ལོ་ ༡༩༤༧ ལོར་རང་བཙན་ཐོབ་རྒྱུའི་འགན་ལེན་བྱེད་མཁན་སུ་གཅིག་མེད་ཀྱང་། སེམས་ཐག་བཅད་ནས་འབད་བརྩོན་བྱས་ཏེ་དོན་འབྲས་བྱུང་བ་རེད། དཔེ་དེ་བཞིན་བོད་པར་ཆ་བཞག་ནའང་། གཙོ་བོ་སོ་སོའི་སེམས་ཤུགས་ལ་རག་ལས་ཤིང་། སྔོན་མ་ང་རང་ཚོ་གཞན་ཡུལ་དུ་སླེབས་སྐབས་ང་ཚོར་བདེན་པའི་རྒྱུ་མཚན་ཡོད་པ་དང་། སེམས་ཤུགས་དང་སྙིང་སྟོབས་ཀྱིས་སེམས་ཐག་བཅད་ནས་འབད་བརྩོན་བྱས་པའི་དགོས་དོན་དེང་སྐབས་འཛམ་གླིང་འདིའི་ཐོག་ལ་ཡོད་པའི་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བར་སྤྱི་པའི་སྒྲིག་འཛུགས་དང་། གཞིས་ཆགས་ཁག་གི་གནས་ཚུལ། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན་སོགས་གང་ཅིའི་ཆ་ནས་གྲུབ་འབྲས་གང་འཚམ་ཐོན་ཡོད།
ད་ཆ་ང་རང་ཚོ་ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། མདུན་ལམ་ཡང་ཇེ་གསལ་དུ་འགྲོ་བཞིན་པར་བརྟེན། ང་རང་ཚོ་ཚང་མས་སེམས་ཤུགས་བསྐྱེད་དེ་དམ་བཅའ་བརྟན་དུ་གཏོང་བ་དང་། ཧུར་ཐག་འབད་ཐག་བྱེད་དགོས་པའི་དུས་སུ་སླེབས་ཡོད་པས། ཚང་མས་སེམས་ཤུགས་སྔར་ལྷག་གིས་ཧུར་ཐག་བྱེད་དགོས་པ་ལས། ལྷོད་ཡངས་དང་། སྒྱིད་ལུག་བྱས་ན་གཏན་ནས་མི་འགྲིགས།
དངོས་གཞི་སེམས་ཤུགས་འཁྱེར་ནས་ལག་ལེན་གང་ཞིག་བྱེད་དགོས་སམ་ཞེ་ན། སེམས་ཤུགས་འཁྱེར་ནས་བོད་ནང་དམག་ལ་འགྲོ་དགོས་ཟེར་བ་མིན། ད་ལྟ་བར་དུ་ང་ཚོ་རྒྱ་གར་ནང་ལ་འཆར་གཞི་འདྲ་མིན་མང་པོ་ཞིག་ཡོད་ཅིང་། དེ་ཡང་གཞིས་ཆགས་ཀྱི་འཆར་གཞི་དང་། སློབ་གྲྭའི་འཆར་གཞི། འཕྲོད་བསྟེན་གྱི་འཆར་གཞི། དཔལ་འབྱོར་འདུ་འགོད་ཀྱི་འཆར་གཞི་སོགས་འཆར་གཞི་འདྲ་མིན་མང་དུ་ཡོད་པའི་འདི་དག་གི་རྩ་བ་མི་རིགས་གཅིག་ཧྲ་ཏག་ཏག་ཡོང་བའི་དོན་དག་ཤ་སྟག་དང་། བོད་སྤྱི་པའི་དོན་ལ་འབྲེལ་བ་ཡོད་པ་ཤ་སྟག་རེད། དཔེར་ན། མིའི་ལུས་པོ་བདེ་ཐང་ཡོང་བར་ཡན་ལག་གི་ཆ་ཕྲ་མོ་རེ་རེ་ནས་སྲུང་སྐྱོབ་བྱས་ཏེ་ལུས་ཧྲིལ་པོ་ནད་མེད་བདེ་ཐང་བཟོ་དགོས་པ་ལྟར། བོད་སྤྱི་པའི་དོན་དག་ལ་ཡན་ལག་དང་ཉིང་ལག་གི་ཚུལ་དུ་འབྲེལ་ཡོད་ལས་རིགས་རྣམ་པ་སྣ་ཚོགས་འདི་དག་ཚུལ་བཞིན་དུ་སྒྲུབ་དགོས། ཁྱེད་རང་གཞོན་ནུ་ཚོར་རང་བཙན་སྒྲུབ་རྒྱུའི་སེམས་ཤུགས་ཡོད་པ་ལྟར། རང་ཉིད་ཀྱི་སྐབས་སུ་གང་བབས་ཀྱི་ལས་ཀ་གང་དང་གང་ཡོད་དེ་དག་ལག་ལེན་དོན་ཐོག་འཁྱོལ་བ་བྱེད་དགོས། དཔེར་ན། དེང་སྐབས་རྒྱ་མིའི་སྐད་ཆར། ཏང་གི་སྲིད་བྱུས་དོན་འཁྱོལ་ཡོང་བ་བྱེད་དགོས་ཟེར་བ་ལྟར། རང་ཉིད་ཀྱི་ལས་འགན་གང་ཡོད་དོན་དག་གི་ཐོག་ལ་ཁ་ཡོད་ལག་ཡོད་སྟོན་རྒྱུ་ཡོད་པ་ཞིག་དགོས་པ་གལ་གནད་ཆེ་བ་ལས། ས་བཞག་མེ་འབར་བྱས་ཏེ་སྐད་ཆ་མང་དུ་བཤད། ངོ་ཐོག་ལས་འགན་ཞིག་འཁྲི་སྐབས་ཕར་ཁག་ཚུར་དཀྲི་དང་། ལག་པ་འཕྱིས་མ་ཚར་བར་བསྡད་ན་སྙིང་པོ་གང་ཡང་མེད། རང་ཉིད་ཀྱི་སྐབས་སུ་གང་བབས་ཀྱི་ལས་འགན་གང་ཡོད་དེ་དག་ལྷག་བསམ་རྣམ་དག་དང་། ངོ་ལྐོག་མེད་པར་སྒྲུབ་དགོས།

ཆ༽ གཞོན་ནུའི་ལས་འགན་དང་། སྐྱོན་བརྗོད་ཀྱི་དགོས་དམིགས།

ལྷག་པར་དུ་གཞོན་ནུ་རྣམས་བོད་པའི་སྤྱི་ཚོགས་ནང་ལ་ཕྱོགས་གཅིག་ནས་མ་འོངས་པའི་འགན་འཁྱེར་མཁན་ཡིན་པ་དང་། གཉིས་ནས་ཕྱི་ནང་གི་གནས་ཚུལ་གོ་རྟོགས་མང་བ་ཡོད་པས། སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་རྒྱུ་དེ་གལ་གནད་ཆེན་པོ་རེད། ཁྱེད་རང་ཚོས་གཞིས་ཆགས་ཁག་གི་ནང་དུ་སྤྱིར་བཏང་མང་ཚོགས་ཀྱི་ཤེས་ཡོན་སློབ་སྦྱོང་ལ་འབོད་སྐུལ་བྱེད་རྒྱུ་དང་། མང་ཚོགས་ཀྱི་གཙང་སྦྲ་འཕྲོད་བསྟེན་གྱི་ཐོག་ལ་འབོད་སྐུལ་བྱེད་རྒྱུ་སོགས་ད་ལྟ་བྱས་དང་བྱེད་མུས་དེ་དག་ཤིན་ཏུ་ལེགས་ལ། ལས་དོན་དེ་དག་གིས་རང་བཙན་གྱི་དོན་དག་དང་། ཆབ་སྲིད་ཀྱི་དམིགས་ཡུལ་སྒྲུབ་རྒྱུའི་དོན་ལ་ཕན་གྱི་ཡོད་སྟབས། སྤྱིར་བཏང་མང་ཚོགས་ཀྱི་ཤེས་ཚད་གོང་མཐོར་གཏོང་རྒྱུ་སོགས་ཀྱི་ཐོག་ལ་སྐབས་སུ་བབས་པའི་ལས་འགན་ཡག་པོ་སྒྲུབ་དགོས། མ་འགྲིགས་མ་འཐུས་པའི་བསམ་ཚུལ་འདྲ་མིན་ཡོང་ངེས་ཡིན། དེ་རིགས་ཚོགས་འདུ་འཚོགས་སྐབས་གསལ་པོ་བྱས་ཏེ་སྟོན་དགོས་ལ། རྒྱབ་བཤད་མིན་པར་མདུན་ལ་གསལ་པོར་ཤོད་དགོས། སྤྱིར་བཏང་སྐྱོན་བརྗོད་བྱེད་པ་དེ་མང་གཙོའི་འགྲོ་སྟངས་ཐོག་དགེ་མཚན་ཡོད་ཀྱང་། དེང་སྐབས་ང་ཚོའི་གནས་སྟངས་གཞན་ཡུལ་དུ་རང་གི་ས་ཆ་སྦར་མཐིལ་ཙམ་ཡང་མེད་པར་བསྡད་ཡོད། སྐྱོན་བརྗོད་བྱས་པ་དེས་ཕན་པ་ཞིག་དགོས་པ་ཡིན། དགེ་སྐྱོན་གྱི་བསམ་འཆར་ངེས་པར་ཤོད་དགོས་ཀྱང་། དེའི་དམིགས་ཡུལ་བཟང་པོ་ཞིག་དང་། ལྡོག་ཕྱོགས་མིན་པ་ཞིག་དགོས་གལ་ཆེ།
འདི་ལྟ་བུའི་ཚོགས་འཛོམས་བྱེད་སྐབས་བོད་སྤྱི་པའི་དོན་དག་གི་འགན་འཁུར་ང་ཚོ་ཚང་མར་ཡོད་པ་ལྟར་དགེ་སྐྱོན་ཤོད་རྒྱུ་གང་ཡོད་གསལ་པོར་ཤོད་དགོས། ད་ལྟ་ཕན་ལོ་དེ་ཙམ་ཕྱིན་པ་རེད། ཉམས་མྱོང་གང་འཚམ་བསགས་ཡོད། གང་ལ་གང་འཚམ་གྱི་གནས་ཚུལ་ཤེས་རྟོགས་ཡོང་གི་ཡོད་ལ། ད་ཆ་ཤེས་མ་བྱུང་ཟེར་བའི་དུས་ཚོད་ཕལ་ཆེར་ཡོལ་ཟིན་ཅིང་། མ་སྒྱིད་པ་དང་། མ་ནུས་པ། གཡོལ་བ། སྤྱི་ཟོམ་བྱས་པ་སོགས་ཀྱི་ཐོག་ནས་འཐུས་ཤོར་མ་སོང་བར་ཚང་མས་ཧུར་ཐག་བྱེད་དགོས།

ཇ༽ བོད་རྒྱའི་དམིགས་ཡུལ་དང་། བོད་རྒྱའི་དཀའ་རྙོག

ད་ཕན་བོད་ལ་ལྟ་སྐོར་ཕྱིན་པ་དེ་དག་དངོས་ཡོད་གནས་ཚུལ་བརྟག་ཞིབ་བྱེད་པར་ཕྱིན་པ་ལས། དོན་དག་རང་གི་ཐོག་ཏུ་རྒྱ་མི་དང་གོ་བསྡུར་བྱེད་པར་ཕྱིན་པ་ཞིག་མིན། དངོས་ཡོད་གནས་ཚུལ་ཞིབ་འཇུག་བྱས་ནས་གནས་ཚུལ་གསལ་པོ་རྟོགས་པ་རྣམས་བཤད། རྒྱ་མིའི་ངོས་ནས་ཀྱང་ད་ལྟ་ཕན་གྱི་བྱེད་སྟངས་བོད་ཀྱི་དངོས་ཡོད་གནས་ཚུལ་དང་མ་རན་པ་རྣམས་སྒྱུར་བཅོས་གཏོང་གི་ཡིན་ཞེས་བརྗོད་ཀྱི་ཡོད། ཁོ་རང་ཚོས་ཁ་ནས་བཤད་པ་ལྟར་ལག་ལེན་དུ་ཇི་ཙམ་བསྟར་མིན་ང་ཚོས་བལྟ་དགོས་པ་ཡིན། བོད་ཡར་རྒྱས་འགྲོ་བ་ཞིག་རྒྱ་མི་ལ་ཡང་དགོས་ཀྱི་ཡོད་ལ། ང་ཚོ་བོད་པ་ལའང་དགོས་ཀྱི་ཡོད། བོད་ཡར་རྒྱས་གཏོང་རྒྱུ་དེ་རྒྱ་མི་དང་བོད་པ་གཉིས་ཀའི་དམིགས་ཡུལ་གཅིག་པ་རེད། རྒྱ་མིས་ཁ་ནས་བཤད་པ་དེ་བདེན་པ་ཡིན་ཚེ། ལག་ལེན་ལ་གང་འདྲ་ཞིག་བསྟར་མིན་ང་ཚོས་བལྟ་དགོས་ཀྱི་འདུག
དེ་ནས་རྩ་བའི་འཛམ་གླིང་གི་སྲིད་དོན་ཐོག་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་ཅིང་། རྒྱ་དཀར་ནག་གཉིས་ཀྱི་བར་ལའང་སྲིད་དོན་གྱི་འཕོ་འགྱུར་འགྲོ་བཞིན་ཡོད། དེ་བཞིན་རྒྱ་ནག་རང་གི་ནང་ལའང་དཔལ་འབྱོར་གྱི་དཀའ་ངལ་དང་། བར་སྐབས་ཤེས་ཡོན་སློབ་སྦྱོང་གི་ཐོག་ཏུ་འཐུས་ཤོར་ཕྱིན་པའི་རྐྱེན་གྱིས་དེང་སྐབས་རྒྱ་ནག་མི་མང་ཚོའི་བསམ་བློའི་ནང་བློ་ཕམ་དང་། ཡིད་མ་རངས་པའི་གནས་ཚུལ་ཤུགས་ཆེ་ཡོད་བཟོ་འདུག གྲངས་ཉུང་མི་རིགས་ཀྱི་ས་ཁུལ་དུ་སྡུག་ནད་མི་ཐེག་པའི་གནས་ཚུལ་ཡོད་པ་ལྟར་རྒྱ་མི་རིགས་ཁོ་རང་ཚོའི་ས་ཁུལ་དུའང་བློ་ཡིད་མ་རངས་པའི་གནས་ཚུལ་ཤུགས་ཆེ་ཡོད་པས། དེ་དག་གི་གནས་ཚུལ་ལ་ང་ཚོས་བལྟ་དགོས། ད་ལྟ་ང་ཚོར་བསམ་བློ་གཏོང་ལོང་ཡོད། ཧོལ་རྒྱུག་ཤོར་ནས་ཐག་གཅོད་སྔ་དྲགས་ན་ཉེན་ཁ་ཡོད་པས། ཐག་གཅོད་ཕྱིས་དྲགས་ནའང་མི་འགྲིགས། ཕྱི་ནང་གི་ཆ་རྐྱེན་མང་པོ་ཞིག་ལ་སྒོ་བསྟུན་གྱི་ཐོག་ནས་རིམ་པས་རྒྱ་མིར་དོན་དག་གི་ཐོག་ཏུ་སྐད་ཆ་ཤོད་རྒྱུ་དང་། གོ་བསྡུར་བྱས་ན་སྙམ་པའི་བསམ་ཚུལ་དེ་ལྟར་རེད། ད་བར་གྱི་གནས་ཚུལ་འདི་དག་ཁྱེད་རང་ཚོར་རགས་ཙམ་ཞིག་བརྗོད་ན་སྙམ་བྱུང་། གཞན་དེ་ག་ཡིན། བཀྲ་ཤིས་བདེ་ལེགས། ཧུར་ཐག་བྱེད་དགོས། ཞེས་བཀའ་སློབ་སྩལ།། །།