བྱང་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་༡༥པའི་རྒྱུན་ལས་འོས་བསྡུའི་ལས་རིམ་ལ་གདན་ཞུས་ལྟར་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་ཚོགས་གཙོ་དང་རིག་གཞུང་འགན་འཛིན་གཉིས་ཆེད་ཕེབས་གནང་ཡོད་པ་རེད།
དེ་ཡང་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་༡༥པའི་རྒྱུན་ལས་གསར་འདེམས་ཆེད་དབུས་རྒྱུན་ལས་གཉིས་འོས་བསྡུའི་འགན་འཛིན་དུ་ཆེད་ཕེབས་ཡོང་བའི་འབོད་སྐུལ་གནང་དོན་ལྟར།རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་སྒེར་གྱི་གུང་གསེང་ཞུས་ཏེ་ཨ་རིའི་ཝི་སེ་ཁོན་སིན་ (Wisconsin) དུ་ཡོད་མུས་ལ་སོང་།རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་དང་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་གཉིས་ཆེད་ཕེབས་ཀྱིས་སྤྱི་ལོ་༢༠༡༨ཟླ་བ་༤ཚེས་༢༣ཉིན་ནིའུ་ཡོག་གི་ས་ཏི་ཡ་མན་དྷིར་ཚོགས་ཁང་(SatyaMandir Hall, Queens NY.)ནང་སྐབས་༡༥པའི་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འོས་བསྡུའི་འགན་འཛིན་གནང་ཡོད་པ་དང་།སྐབས་དེར་འོས་བསྡུའི་ལས་རིམ་ལ་ས་གནས་གཞོན་ནུའི་ཚོགས་མི་གྲངས་༡༥༠ཙམ་མཉམ་བཞུགས་གནང་ཡོད་པར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ནས་ནིའུ་ཡོག་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་གནད་ཡོད་ལས་ཁུངས་ཁག་གི་ལྟེ་གནས་ཤིག་ཆགས་ཡོད་པས་བོད་དོན་ལས་འགུལ་སྤེལ་རྒྱུ་སོགས་ལ་ཆེས་ཧ་ཅང་གལ་གནད་ཆེ་བའི་ས་གནས་ཤིག་ཡིན་པ་དང་།སྐབས་༡༤པའི་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ནས་ལྷག་བསམ་ཧུར་བརྩོན་ཆེར་སྐྱེད་ཀྱིས་ཕྱག་ལས་གཟེངས་སུ་ཐོན་པ་གནང་བར་ཡི་རང་གིས་ལེགས་གསོལ་བསྔགས་བརྗོད་ཀྱང་གནང་ཡོད་པ་རེད།
སྐབས་དེར་གཞོན་ལྷན་སྤྱི་ཁྱབ་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་དང་རིག་གཞུང་འགན་འཛིན་བཀྲིས་དོན་གྲུབ་ལགས་གཉིས་ནས་འོས་བསྡུའི་འགན་འཛིན་དང་།ནིའུ་ཡོག་ས་གནས་བེུད་ཚོགས་པ་དང་།ས་གནས་དབུས་གཙང་ཚོགས་པ།ས་གནས་ཆུ་སྒང་།ས་གནས་མདོ་སྨད་ཚོགས་པ།ཨ་བོད་མཛའ་འབྲེལ་ཚོགས་པ་བཅས་ཀྱི་རྒྱུན་ལས་ནས་གཟུ་དཔང་དང་འོས་བསྡུ་གྲངས་བཤེར་གྱི་འགན་ཁུར་གནང་བ་བརྒྱུད་སྐབས་བཅོ་ལྔ་པའི་རྒྱུན་ལས་བཅུ་གཅིག་འདེམས་ཐོན་བྱུང་བར་ནིའུ་ཡོག་ས་གནས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་ནས་འཚམས་འདྲིའི་མཇལ་དར་བསྒྲོན་འབུལ་དང་བཅས་འོས་བསྡུའི་ལས་རིམ་གྲུབ་ཡོད་པ་རེད།