བོད་རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༢
གསར་འགོད་བསྒྲགས་གཏམ།
༄༅།། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོས་ནས་དོལ་རྒྱལ་རྗེས་འབྲང་ཉུང་ཤས་ཤིག་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་གཞི་མེད་ཀྱི་བསྙོན་འཛུགས་བྱེད་བཞིན་པ་དེ་དག་ལ་བློ་ཕམ་ཆེན་པོས་མཐའ་གཅིག་ཏུ་དགག་བྱ་དང་སྐྱོན་བརྗོད་ཤུག་ཆེ་བྱེད་ཀྱི་ཡོད།
ཕྱི་ལོ་༡༩༩༦ལོའི་ཟླ་བ་༥པའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དམིགས་བསལ་ཚོགས་འདུ་བསྐོངས་ཚོགས་ཀྱིས་དོལ་རྒྱལ་གནད་དོན་ཐོག་ལ་སྲིད་ཇུས་ལམ་སྟོན་གཏན་འབེབས་ཀྱིས་གྲོས་ཆོད་རིམ་པར་བཞག་ཡོད་པ་དང། དེ་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་བཞུགས་པའི་གཞོན་ལྷན་གྱིས་ཚོགས་མི་ཚོས་དོ་ཁུར་ཆེན་པོས་དྭང་བླངས་ཐོག་ནས་བོད་པ་དང་བོད་པ་མ་ཡིན་པའི་རྒྱལ་སྤྱིིའི་ནང་པའི་ཆོས་དང་རིག་གཞུང་ལ་དོ་སྣང་ཡོད་པའི་མང་ཚོགས་ཚོའི་བསམ་བློའི་གོ་རྟོགས་མཐོར་བཏེགས་ཆེད་དང། དོལ་རྒྱལ་བསྟེན་གསོལ་དང་འབྲེལ་བའི་གནད་དོན་སྐོར་ལ་སློབ་གསོ་སྤེལ་བཞིན་ཡོད་པ་རེེད། ཕྱི་ལོ་༡༩༩༧ལོར་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་རྒྱ་མཚོ་ལགས་དང་ཁོང་གི་དགེ་ཕྲུག་གཉིས་དོལ་རྒྱལ་རྗེས་འབྲང་པས་དམར་གསོད་བཏང་བའི་ཡིད་སྐྱོའི་གནས་ཚུལ་ང་ཚོས་མིག་མཐོང་ལག་ཟིན་བྱུང་ཡོད་ལ། སྐབས་དེའི་དོན་རྐྱེན་ལ་རྒྱ་གར་ཉེན་རྟོག་པས་གནས་ཚུལ་མཐིལ་ཕྱིན་པ་རྩད་གཅོད་བྱས་མཐར་ཁོང་རྣམ་པ་དམར་གསོད་གཏོང་མཁན་དེ་དོལ་རྒྱལ་ཤུགས་ལྡན་གྱི་རྗེས་འབྲང་ཡིན་པ་ཕྱོགས་བསྡོམས་བྱས་ཡོད། བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ངོས་ནས་འདི་ལོའི་འགན་འཛིན་ལྷན་ཚོགས་སྐབས་༤༥པའི་ཐོག་དོལ་རྒྱལ་རྗེས་འབྲང་གི་གནད་དོན་ལ་སླར་ཡང་བཀའ་བསྡུར་ནན་པོ་བྱ་རྒྱུ་ཡིན།
ཉེ་ཆར་༸གོང་ས་མཆོག་བྱང་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ནང་ཆིབས་བསྒྱུར་བསྐྱངས་སྐབས་གང་ཉིད་ལ་སྒྲོ་བཏགས་ཀྱི་སྐྱོན་འཛུགས་དང་ངོ་རྒོལ་གྱི་གནས་ཚུལ་བྱུང་བ་དེ་དག་ནི།ཤུགས་ལྡན་རྗེས་འབྲང་པ་ཚོས་ཁོ་རང་ཚོའི་ལོག་པའི་ཆ་འཕྲིན་དྲིལ་བསྒྲགས་ལས་འགུལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་རྟགས་མཚན་གསལ་པོ་ཞིག་རེད་། ཨ་རིའི་ཀོ་ལམ་བི་ཡིའི་སློབ་གྲྭ་ཆེན་མོའི་སྙན་གྲགས་ཅན་གྱི་སློབ་དཔོན་ནང་ཆོས་མཁས་དབང་རོ་བ་ཊི་ཐར་མན་ལགས་་་་་་་(Robert.Thurman)་་་་་་ཀྱིས་ཉེ་ཆར་ཧུ་ཕྷིང་ཊོན་(Huffington Post)གསར་འགྱུར་དྲྭ་ཚུགས་སུ་སྤེལ་པའི་རྩོམ་ཡིག་གཅིག་གི་ནང། དོལ་རྒྱལ་ཚོགས་པའི་ལས་འགུལ་ཁག་ལ་རྒྱ་གཞུང་གིས་རོགས་དངུལ་གཏོང་གི་ཡོད་པའི་སྐོར་བྲིས་ཡོད་ལ། དེའི་ནང་ཁོང་གིས་དོལ་རྒྱལ་ཚོགས་པས་༧གོང་ས་མཆོག་ལ་ངོ་རྒོལ་ཁ་གཏད་མཚོན་ཆེད་དྲྭ་ཐོག་ཏུ་བཀྲ་ཤིས་ལྷུན་པོའི་ཚོགས་ཆུང་གིས་སྲོལ་རྒྱུན་ལམ་ནས་འཁྲུལ་མེད་དུ་བདམས་ཤིང་༧གོང་ས་མཆོག་གིས་ཐུགས་ཐག་བཅད་པའི་དགུང་ལོ་ལྔ་ལ་སོན་པའི་བྱིས་པ་དེ་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་བཏང་རྗེས་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཚོས་བསྐོ་བཞག་བྱས་པའི་༧པཎ་ཆེན་བླ་རིན་པོ་ཆེའི་ཡང་སྲིད་དེ་དོལ་རྒྱལ་གྱི་སྐུ་ཆེན་པོ་ཞིག་གི་མདུན་ལ་བསྡད་ཡོད་པའི་འདྲ་པར་མང་པོ་ཞིག་འགྲེམས་སྟོན་བྱས་ཡོད་པའི་གནས་ཚུལ་བརྗོད་ཡོད།
ཉེ་ཆར་རྒྱ་ནག་གཞུང་གིས་ཤུགས་རྐྱེན་འོག་ནོར་ཝེའི་གཞུང་ནས་༸གོང་ས་མཆོག་དང་མཇལ་འཕྲད་མ་གནང་དེར་་དོལ་རྒྱལ་རྗེས་འབྲང་བ་རྣམས་ཀྱིས་དགའ་བསུ་ཞུས་ཡོད་། གནས་ཚུལ་དེས་རྒྱ་ནག་དང་དོལ་རྒྱལ་དབར་ལགས་འབྲེལ་ཡོད་པ་གསལ་པོ་རེད།
༧གོང་ས་མཆོག་གིས་དུས་རྟག་ཏུ་ལས་རིགས་དང་། ཆོས་ལུགས། ཕོ་མོ། རིགས་རུས་སོགས་འདྲ་མིན་གང་ཞིག་ཡིན་ཀྱང་ཚང་མ་ས་གཞི་ཆེན་པོ་འདིའི་སྟེང་འཆམ་མཐུན་ངང་གནས་ཐུབ་པའི་ཞི་བདེའི་འཛམ་གླིང་ཞིག་སྐྲུན་རྒྱུའི་ཆེད་སྐུ་ལས་མཛད་མེད་སྐྱོན་བཞིན་པ་ལ་བརྟེན་ནས་འཛམ་གླིང་ཕྱོགས་གང་སར་གནས་པའི་བོད་པ་དང་བོད་པ་མ་ཡིན་པ་ཚང་མས་༸ཁོང་ལ་དགའ་མོས་ཆེན་པོ་ཞུ་བཞིན་ཡོད། ༸གོང་ས་མཆོག་གི་རླབས་ཆེན་མཛད་བཟང་དེ་དག་ལ་ཕྱི་ལོ་༡༩༨༩ལོའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱི་གཙོས་འཛམ་གླིང་ནང་གི་རྒྱལ་ཁབ་ཕལ་མོ་ཆེ་དང་གཞུང་འབྲེལ་མ་ཡིན་པའིཚོགས་པ་དང་སྙན་གྲགས་ཅན་གྱི་མཐོ་སློབ་ཁང་འདྲ་མིན་ནས་ཆེ་བསྟོད་ཞུས་དང་ཞུ་མུས་ཡིན་པ་ནི་མིག་ལྡན་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། འདི་ལྟར་༧གོང་ས་མཆིག་གི་མཚན་སྙན་གོ་ལ་འདིར་རྒྱས་པ་དང་དུས་མཚུངས། རྒྱ་ནག་གཞུང་ནས་ཁྲིམས་འགལ་ཐོག་བོད་ལ་དབང་བསྒྱུར་བྱས་པའི་དངོས་ཡོད་ཀྱི་གནས་ཚུལ་འཛམ་གླིང་ནང་ཤེས་རྟོགས་རྒྱ་ཆེར་འགྲོ་བཞིན་པར་རྒྱ་གཞུང་ནས་ཉེན་ཁ་ཞིག་ཏུ་ངོས་འཛིན་གྱིས་དོལ་རྒྱལ་རྗེས་འབྲང་པ་དང་ངན་པ་ལག་འབྲེལ་བྱས་ཏེ་ཁོང་ཚོར་དངུལ་དངོས་ཀྱི་རོགས་རམ་བྱས་ནས་༧གོང་ས་མཆོག་གི་མཚན་སྙན་དང་མཛད་འཕྲིན་ལ་གནོད་པའི་བྱ་ངན་རྩོམ་བཞིན་ཡོད།
ཤུགས་ལྡན་རྗེས་འབྲང་པ་ཚོས་༸གོང་ས་མཆོག་གིས་ཆོས་དད་རང་དབང་སྤྲོད་ཀྱི་མེད་ཚུལ་དང་། སྐྱག་རྫུན་ཤོད་ཀྱི་ཡོད་རབས། དེ་བཞིན་ཁོང་བླ་མ་རྫུན་མ་ཡིན་པ་སོགས་བརྗོད་པ་ནི་མཐའ་གཅིག་ཏུ་རྒྱུ་མཚན་དཔང་རྟགས་གང་ཡང་བསྟན་རྒྱུ་མེད་པའི་གཞི་མེད་ཀྱི་བསྙོན་འཛུགས་ཙམ་དུ་གྱུར་ཡོད། ༸གོང་ས་མཆོག་ནས་དོལ་རྒྱལ་མ་བསྟེན་ན་ལེགས་པོ་ཡོད་ལུགས་ལམ་སྟོན་གནང་བ་ཙམ་མ་གཏོགས་དོལ་རྒྱལ་བསྟན་གསོལ་བྱེད་མཁན་ལ་མཐའ་གཅིག་ཏུ་བཀག་འགོག་ནམ་ཡང་གནང་མེད་པར། དོལ་རྒྱལ་མུ་མཐུད་བསྟེན་འདོད་ཡོད་ན་རང་དབང་ཡིན་པ་གསུངས་ཡོད་ལ། དོོལ་རྒྱལ་རྗེས་འབྲང་པ་ཚོས་ཀྱང་འཛམ་གླིང་ས་ཕྱོགས་གང་སར་རང་དབང་གིས་ཐོག་ནས་དོལ་རྒྱལ་བསྟེན་སྲོལ་བྱེད་བཞིན་པར་སོང་། ཁོང་ཚོས་༧གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་མི་དགོས་པའི་ཐོག་ནས་རང་ཉིད་ཀྱི་འདམ་ག་དེ་ལ་མུ་མཐུད་ནས་འཇུག་པའི་རང་དབང་ཡོད། གཞི་མེད་ཀྱི་སྐྱོན་བརྗོད་དེ་དག་ནི་རང་ཉིད་ཀྱི་དབུ་ཁྲིད་ལ་བརྩི་བཀུར་གནང་མཁན་གྱི་བོད་མི་རྣམས་ཁོང་ཁྲོ་སློང་རྐྱེན་དུ་འགྱུར་བ་ལས་མ་འདས།
དོལ་རྒྱལ་གྱི་གནད་དོན་སྐོར་༧གོང་ས་མཆོག་ནས་གསུང་ཆོས་ཐེངས་མང་པོའི་སྐབས་བསྐྱར་ཟློས་ཀྱིས་གསལ་པོ་བཟོས་གནང་ཡོད་། དེ་འདྲའི་བཀའ་སློབ་དེ་དག་༸གོང་ས་མཆོག་གི་གཞུང་འབྲེལ་དྲྭ་ཚུགས་(www.dalailama.com) ཐོག་གཟིགས་རྒྱུ་ཡོད་།དོལ་རྒྱལ་བསྟེན་མཁན་ཚོས་ཚུལ་མིན་གྱི་གཞི་མེད་བསྙོན་འཛུགས་ཀྱི་དྲིལ་བསྒྲགས་དེ་དག་མུ་མཐུད་ནས་སྤེལ་དགོས་པའི་རྒྱུ་མཚན་གང་ཡང་མེད།
ཉེ་ཆར་བྱང་ཨ་རི་དང་ཡུ་རོབ་ཁུལ་དུ་བྱུང་བའི་དོན་རྐྱེན་སོགས་དོལ་རྒྱལ་རྗེས་འབྲང་པས་སྔ་ཕྱི་བར་གསུམ་དུ་སྤེལ་བའི་བྱ་ངན་དེ་དག་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་ཚོའི་སེམས་ལ་བཟོད་ཐབས་བྲལ་བ་ཞིག་དང་། ལྷག་པར་དུ་གཞིས་བཞུགས་བོད་མིས་༸གོང་ས་མཆོག་རང་ཡུལ་བོད་ནང་གདན་འདྲེན་ཞུ་ཆེད་གཅེས་པའི་ལུས་སྲོག་ཀྱང་མེར་བསྲེགས་བཞིན་པའི་སྐབས་དིར། ཕྱི་ཕྱོགས་སུ་ཡོད་པའི་དོལ་རྒྱལ་རྗེས་འབྲང་པ་ཚོས་༧གོང་ས་མཆོག་ལ་གཞི་མེད་བསྙོན་འཛུགས་བྱས་པ་དེ་ནི་གཞིས་བཞུགས་སྤུན་ཟླ་ཚོར་ཆེད་བློ་ཕམ་སྐྱེ་གཞི་ཞིག་ཡིན།
བོད་ཀྱི་གཞོན་ནུའི་ལྷན་ཚོགས་ངོས་ནས་ནན་ཏན་གྱིས་དྲན་སྐུལ་ཞུ་རྒྱུར། བཙན་བྱོལ་བོད་མིའི་གནས་སྟངས་གོང་འཕེལ་དང། ལྷག་པར་གཞིས་ལུས་ཆོལ་གསུམ་རྒྱ་ཆེའི་མི་མང་རྣམས་སྔར་བཞིན་སྙིང་སྟོབས་འགྱུར་བ་མེད་པར་གནས་པ་སོགས་ནི་༸གོང་ས་ཆེན་པོའི་ཡང་དག་པའི་དབུ་ཁྲིད་དང་རླབས་ཆེན་ཐུགས་བསྐྱེད་མཛད་འཕྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བར་སོང། བོད་མི་ཚང་མས་༸གོང་ས་མཆོག་རང་རང་སོ་སོའི་ས་ཁུལ་དུ་ཆིབས་བསྒྱུར་གནང་བའི་སྐབས་དོགས་ཟོན་ཆེན་པོས་སྐུའི་སྲུང་བྱ་ཤུགས་ཆེ་རུ་གཏོང་དགོས་པ་ནི་གངས་ཅན་པ་སེར་སྐྱ་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འོས་འགན་ཡིན་པ་འབོད་སྐུལ་དང་། དེ་མ་ཟད་མང་ཚོགས་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་བདེན་པ་ར་སྤྲོད་ཀྱི་སློབ་གསོ་ཡང་ནས་ཡང་དུ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན་དུ་། ༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་ཀྱིས་ལས་ངན་རྩོམ་མཁན་སུ་ཡིན་རུང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ནམ་ཡང་ངོས་ལེན་བྱ་ཐབས་མེད་པ་གསལ་སྟོན་ཞུ་བ་དང་ཆབས་ཅིག། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་༸པད་སྐལ་རྒྱར་བརྟན་པའི་སྨོན་འདུན་ཤུགས་དྲགས་ཞུ་རྒྱུ་དང། བོད་མིའི་གཅིག་སྒྲིལ་གྱི་ནུས་པ་དང་བཙན་རྒོལ་རྒྱལ་སྐྱོབས་ཀྱི་སྙིང་སྟོབས་འགྱུར་བ་མེད་པར་བོད་ཀྱི་བདེན་དོན་འཐབ་རྩོད་ལ་ཞབས་འདེགས་སྒྲུབ་རྒྱུའི་དམ་བཅའ་དང་བཅས།
བོད་རང་བཙན་མུད་མཐུད་ནས་བརྩོད་རྒྱུ་ཡིན།

བོད་ཀྱི་གཞོན་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༡ ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༢ ཉིན་ལ།།