༄༅། །རྒྱལ་གཅེས་འཐབ་གྲོགས་གཅིག་གྱུར་ས་གནས་གཞོན་ནུའི་ཚོགས་གཙོ་རྒྱུན་ལས་ཡོངས་ལ།

ཆེད་ཞུ།
Election Circularཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་༡༥པའི་སྤྱི་ཁྱབ་རྒྱུན་ལས་ཡོངས་ཀྱིས་རྣམ་པ་ལྷན་རྒྱས་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་གཞོན་ལྷན་གྱི་ཞུ་སྒོ་ཁག་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་སྒྲུབ་བཞིན་ཡོད་པར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
སྐབས་བབས་སུ་ཞུ་དོན་གཙོ་བོ་ནི། སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་བསླེབས་ལ་ཉེ་བར་བརྟེན་དེ་ག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཁོངས་སོ་སོའི་གཞིས་ཆགས་ཀྱི་མི་མང་ལ་མང་གཙོའི་གོ་རྟོགས་གོང་འཕེལ་དང་། ལྷག་པར་དུ་མི་མང་ནས་མང་གཙོའི་འགན་དབང་ལོངས་སུ་སྤྱད་དེ་སྲིད་སྤྱིའི་འོས་བསྡུའི་ཆ་ཤས་ལེན་དགོས་པའི་གལ་ཆེའི་རང་བཞིན་ངོ་སྤྲོད་ཀྱིས་མི་མང་གང་མང་ཀྱིས་སྲིད་སྤྱིའི་འོས་བསྡུར་ཆས་ཤས་ལེན་ཐུབ་པ་ཡོང་ཆེད་དུ་འོས་བསྡུའི་དེབ་སྐྱེལ་བྱེད་པར་སྐུལ་སློང་དང་དྲིལ་བསྒྲགས་རྒྱ་གང་ཆེ་ཡོང་བ་ཞུ་རྒྱུ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་བཀའ་སྤྱིའི་འོས་བསྡུའི་སྐབས་མང་ཚོགས་ལ་འོས་བསྡུའི་དེབ་སྐྱེལ་དང་འོས་བསྡུའི་ཆ་ཤས་ལེན་དགོས་པའི་གལ་ཆེའི་རང་བཞིན་གྱི་གོ་རྟོགས་སྤེལ་བ་ལས་གང་ཟག་དང་ཚོགས་པ་ག་གེ་མོ་ཞིག་གི་འོས་གཞི་དྲིལ་བསྒྲགས་སོགས་ཀྱི་རེིགས་བྱེད་སྲོལ་མེད་པས། དེ་ག་ས་གནས་གཞོན་ལྷན་དང་རྒྱུན་ལས་ཚོགས་མི་སུ་རུང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་མིང་ཐོག་ནས་སྲིད་སྤྱིའི་འོས་མི་གང་རུང་ལ་རྒྱབ་སྐྱོར་དང་དྲིལ་བསྒྲགས་བྱེད་པའི་ལས་དོན་མི་གནང་བ་ནན་བརྗོད་ཞུ་རྒྱུ་དང་བཅས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༢ ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༤ ལ།།