སྤྱི་ལོ་ ༡༩༩༨ ཟླ་བ་ ༣ ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ ༣༩ འཁོར་བའི་དུས་དྲན་ཉིན་མོ་ནས་འགོ་འཛུགས་ཀྱིས་བོད་མི་ས་ཡ་དྲུག་གི་སྐུ་ཚབ་རྒྱལ་གཅེས་པ་བོད་མི་ཕོ་མོ་དྲུག་གིས་དགོས་འདུན་དོན་ཚན་གསུམ་ཅན་ཞིག་གི་ཐོག་རྒྱ་གར་རྒྱལ་ས་ལྡི་ལིར་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། འགུལ་སྤེལ་ཏེ་ཉིན་གྲངས་ ༤༨ འགྲོ་བཞིན་པའི་སྤྱི་ཟླ་ ༤ ཚེས་ ༢༥ ཉིན་ཟས་བཅད་པ་ལྷག་མ་གསུམ་རྒྱ་གར་ཉེན་རྟོགས་པས་བཙན་འཁྲིད་བྱེད་སྐབས། ཟས་བཅད་པ་རུ་ཁག་གཉིས་པའི་ཁོངས་སུ་ཡོད་པའི་བོད་མི་རྒྱལ་གཅེས་པ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་དོན་དུ་རང་གི་རྩ་ཆེའི་ལུས་པོ་མེར་བསྲེགས་ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ནུས་སྟོབས་མངོན་པར་བྱས་པ་དང་། རྒྱལ་སྤྱིའི་ཐོག་ནས་བོད་དོན་ཐོག་དོ་སྣང་ཤུགས་ཆེར་ཐོབ་ཐུབ་པ་བྱུང་ཡོད། རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དམ་པ་མཆོག་གི་ལུས་པོ་བརྒྱ་ཆ་ ༩༠ ལྷག་ཙམ་མེས་ཚིགས་རྐྱེན་བྱུང་བས་སྤྱི་ཟླ་ ༤ ཚེས་ ༢༩ ཉིན་དཔའ་བོ་ཁོང་ཉིད་བོད་བསྟན་སྲིད་དང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཆེད་སྐུ་ཚེའི་འཕེན་པ་རྫོགས་ཡོད་པ་རེད། ཉིན་མོ་དེ་ནི་རྒྱལ་ཞེན་སྙིང་སྟོབས་དང་དཔའ་མཛངས་ལྡན་པའི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དམ་པ་དེ་ཉིད་ཀྱི་དགོངས་པ་རྫོགས་པའི་ཉིན་མོ་ཞིག་ཡིན་སྟབས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཉིན་དེ་ནི་གཞིས་བྱེས་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོ་དང་། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་སོགས་ཀྱི་དོན་དུ་རང་སྲོག་ཚུན་བློས་གཏོང་གནང་བའི་རྒྱལ་ཞེན་སྙིང་སྟོབས་ལ་གུས་བརྩི་རྗེས་དྲན་སླད་རྒྱལ་གཅེས་དཔའ་བོའི་ཉིན་མོ་ཞིག་ཏུ་ངོས་འཛིན་དང་གཏན་འབེབས་ཀྱིས་ལོ་ལྟར་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད།