སྤྱི་ལོ་ ༡༩༨༧ ཟླ་བ་ ༩ ཚེས་ ༢༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་གདན་ས་ཆེན་པོ་སེ་ར་དང་འབྲས་སྤུངས། དགའ་ལྡན། དེ་བཞིན་གཙུག་ལག་ཁང་དང་ཉེ་འཁོར་གྱི་བཙུན་དགོན་ཁག་གི་དགེ་འདུན་པ་དང་བཙུན་མ། དེ་བཞིན་སློབ་གྲྭ་ཁག་གི་སློབ་མ་སོགས་སེར་སྐྱ་སྟོང་ཕྲག་མང་པོས་བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་ཕུད་བྱེད། ༧རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སྐད་འབོད་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་འཛམ་གླིང་ན་གྲགས་པ་བྱས་པར། རྒྱ་དམར་གཞུང་གིས་མི་སྤྱོད་ལས་འདས་པའི་དྲག་གནོན་དང། དམར་གསོད། བོད་རིགས་གྲངས་ལས་འདས་པ་ཞིག་བཙོན་འཇུག་དོ་དམ་བྱས་སྟབས་རྒྱལ་སྤྱིའི་དྲང་བདེན་གླེང་ཕྱོགས་དང། ཨ་རིའི་གྲོས་ཚོགས་ཀྱིས་གཙོས་པའི་འཛམ་གླིང་རྒྱལ་ཁབ་ཁག དེ་བཞིན་མི་མང་དང་བཅས་པས་རྒྱ་དམར་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་རྒོལ་གཏམ་བཏང་བ་དང་ཆབས་གཅིག འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་རང་རིགས་བཙན་བྱོལ་བོད་མི་རྣམས་ཀྱིས་གཞིས་ལུས་སྤུན་ཟླའི་རྒྱལ་གཅེས་སྙིང་སྟོབས་ལ་བསྔགས་བརྗོད་དང། གདུང་སེམས་མཉམ་སྐྱེད་ཀྱི་རྔམ་སྟོན་ཁྲོམ་སྐོར། ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་རབས་དང་རིམ་པར་སྤེལ་ཡོད་པ་དང། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཉིན་མོ་འདིར་རྒྱ་དམར་གཞུང་གིས་བོད་མི་ཚོར་མི་སྤྱོད་ལས་འདས་པའི་དྲག་གནོན་དང་། དམར་གསོད། བཙོན་འཇུག་དོ་དམ་བྱས་པར་ངོ་རྒོལ་དང་། གཞིས་ལུས་སྤུན་ཟླའི་རྒྱལ་གཅེས་སྙིང་སྟོབས་ལ་གུས་བཀུར་བསྔགས་བརྗོད་ཞུ་ཆེད་དུ་བཏན་འབེབས་ཀྱི་ལས་འགུལ་དུ་ཐག་གཅོད་གནང་ནས་ལོ་ལྟར་སྲུང་བརྩི་ཞུ་ཡི་ཡོད།