སྤྱི་ལོ་ ༡༠༤༩ ལོར་རྒྱ་དམར་གྱིས་བོད་ཀྱི་ས་ཐོག་ཏུ་བཙན་འཛུལ་བྱས་པ་ནས་བཟུང་བོད་དེ་དུམ་བུར་བགོས་ནས་མུ་མཐུད་དབང་བསྒྱུར་བྱེད་རྒྱུའི་ངན་ཇུས་ཞིག་བརྩམས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང་གི་བཀའ་འཁྲོལ་མེད་པར་སྤྱི་ལོ་ ༡༩༥༡ ཟླ་བ་ ༥ ཚེས་ ༢༣ ཉིན་པེ་ཅིང་དུ་ཆིངས་ཡིག་དོན་ཚན་ ༡༧ ཟེར་བ་ཞིག་རྒྱ་དམར་གྱི་སྡིག་རའི་འོག་འཇོག་དགོས་བྱུང་རེད། འོན་ཀྱང་རྒྱ་གཞུང་ནས་ཆིངས་ཡིག་གི་དོན་ཚན་ཇི་བཞིན་ལག་བསྟར་མ་བྱས་པར་བརྟེན། ཆིངས་ཡིག་དོན་ཚན་ ༡༧ ཟེར་བ་དེར་བོད་གཞུང་འབངས་གཉིས་ཀྱིས་ཁས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་བཏང་བ་དང་། དུས་དེ་ནས་བཟུང་ཆིངས་ཡིག་དོན་ཚན་ ༡༧ ཟེར་བ་ནི་ཁྲིམས་ཐོག་ནས་ནུས་མེད་དུ་སོང་ཡོད། འོན་ཀྱང་རྒྱ་དམར་གཞུང་གིས་ཆིངས་ཡིག་དེ་ལུགས་མཐུན་ཞིག་ཏུ་བསྒྱུར་ཐབས་ཀྱིས་བསྐྱར་ཟློད་ཡང་ཟློད་བྱེད་བཞིན་པར་བོད་མི་ཚོས་ཁས་ལེན་ནམ་ཡང་ཞུ་ཐབས་མེད་པའི་ངོ་རྒོལ་ལས་འགུལ་སྤེལ་ཆེད་སྤྱི་ལོ་ ༡༩༨༦ ལོའི་ཚོགས་ཆེན་ཐེངས་ ༦ པ་བཞུགས་སྒར་རྡ་རམ་ས་ལར་བསྐྱངས་སྐབས་གཏན་འབེབས་ལས་འགུལ་ལ་གྲོས་ཆོད་བཞག་ཡོད། ཡང་སྤྱི་ལོ་ ༡༩༩༠ ལོའི་འགན་ལྷན་ཐེངས་ ༢༡ པ་བཞུགས་སྒར་དུ་སྐོང་ཚོགས་གནང་སྐབས་སྤྱི་ཟླ་ ༥ ཚེས་ ༢༣ ཉིན་གྲོས་ཆོད་ཞིག་འཇོག་གནང་མཛད་དེ་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་བོད་མི་དང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ངོས་ལེན་མེད་པའི་གསལ་བསྒྲགས་བསྐྱངས་ཟིན་པ་ལྟར་དེ་དོན་ངོས་ལེན་མེད་པའི་རྣམ་པ་མཚོན་ཆེད་དུ་དེ་ཉིན་ཚོགས་མི་སོ་སོ་ནས་ཟས་བཅད་ཀྱིས་གསོལ་དོད་སྒོར་ ༥ རེ་ས་གནས་རྒྱུན་ལས་ནས་བསྡུ་བཞེས་ཀྱིས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་འབུལ་རྒྱུ་ཞེས་ཐག་གཅོད་གནང་ཡོད་པ་རེད།