གསུམ་བཅུའི་དུས་དྲན་ཐེངས་ ༥༩ པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན།

དེ་རིང་སྤྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡༠ འདི་ནི་ལོ་ངོ་ང་དགུའི་གོང་དུ་ལྷག་བསམ་དང་སྙིང་སྟོབས་ཀྱི་མེ་ལྕེ་གྱེན་དུ་འཕྱུར་བའི་ཆོལ་གསུམ་བོད་མི་ཁྲི་ཚོ་མང་པོས་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་ལ་ངོ་རྒོལ་གྱིས་བོད་རྒྱལ་ཁབ་ཀྱི་བདག་དབང་བོད་མིར་ཡོད་པ་དང་རྒྱ་དམར་བོད་ནས་ཕྱིར་འགྲོ་དགོས་པའི་བདེན་ཚིག་གི་འབོད་སྒྲ་འཛམ་གླིང་གོ་ལའི་ཁྱོན་དུ་བསྒྲགས་ནས་ལོ་ངོ་ ༥༩ ཧྲིལ་པོ་འཁོར་བའི་ཉིན་མོ་ཞིག་ཡིན། ཉིན་མོ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ཚིག་ཐོར་གསལ་ཡོད་པ་མ་ཟད། མ་འོངས་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་རྡོ་རིང་སྟེང་དུ་བསྐོ་ངེས་ལ། ཤ་ཁྲག་རུས་གསུམ་བོད་ལས་མཆེད་པའི་བོད་མི་བསམ་ཡོད་ཚོས་མི་རབས་ནས་མི་རབས་བར་དྲན་གསོ་བྱས་པ་བརྒྱུད་གདུག་རྩུབ་ཆེ་བའི་རྒྱ་དམར་གྱི་བྱེད་བབ་ལ་ངོ་རྒོལ་དང་། སྐབས་དེའི་རྒྱལ་གཅེས་སྙིང་སྟོབས་ཅན་གྱི་བོད་མི་ཚོར་རྗེས་དྲན་གྱིས་ཁོང་ཚོའི་བློས་གཏོང་ལ་བཀྲིན་རྗེས་དྲན་དང་། ཁོང་ཚོའི་ཚེ་སྲོག་ལ་སྨོན་པ་ཁྲི་འབུམ་གྱི་གསོལ་འདེབས་ཞུ་ངེས་ཡིན།
སྤྱིར་འཛམ་གླིང་གི་ཡང་རྩེར་གནས་པའི་ཁ་བ་རི་པའི་རྒྱལ་ཁབ་འདི་ནི་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཕྱི་སྣོད་ཀྱི་འཇིགས་རྟེན་གྱི་བཀོད་པ་དང་ནང་བཅུད་ཀྱི་སེམས་ཅན་གྱི་འཚོ་གནས། སྐད། ཡི་གེ ཆས་གོས། ཡུལ་སྲོལ། གོམས་གཤིས། བསམ་བློའི་འདུ་ཤེས་སོགས་སྒོ་ཀུན་ནས་རྒྱ་དཀར་ནག་སོགས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལས་ལོགས་སུ་རང་གར་གནས་པའི་རྒྱལ་ཁབ་རང་བཙན་པ་ཞིག་ཡིན་པ་གསལ་པོ་ཡིན་པ་མ་ཟད། ཡིག་རིག་དང་ལོ་རྒྱུས་ཀྱི་སྲོལ་དར་བ་ནས་བཟུང་བོད་ཀྱི་ལོ་རྒྱུས་བྱུང་རབས་དང་། ཁྱིམ་མཚེས་རྒྱལ་ཁབ་ཀྱི་ལོ་རྒྱུས་ཡིག་ཆ་ཁག དེ་བཞིན་ཏུན་ཧོང་གི་ཡིག་ཆ་སོགས་སུ་བོད་བཙན་པོའི་རྒྱལ་ཁབ་ཞིག་ཡིན་པ་ལོ་རྒྱུས་དང་ཡིག་ཆའི་དཔང་པོ་འཛམ་གླིང་ཀུན་གྱིས་མཐོང་ཆོས་སུ་ཡོད། ཉེ་རབས་ལོ་རྒྱུས་ཐོག་ནས་བརྗོད་ན་ཡང་ྋརྒྱལ་དབང་སྐུ་ཕྲེང་རིམ་པའི་སྐབས་སུ་ཡང་འཛམ་གླིང་རྒྱལ་ཁབ་འགའ་ཤས་དང་མཉམ་དུ་འདྲ་མཉམ་རང་དབང་གི་ཐོག་ནས་ཁྲིམས་མཐུན་ཆིངས་ཡིག་བཞག་པ་སོགས་སུས་ཀྱང་བསྙོན་དུ་མེད།
འོན་ཀྱང་རྒྱ་དམར་ནག་ཕྱོགས་ཀླ་ཀློའི་དཔུང་ཚོགས་ཀྱིས་ཁྲེལ་གཞུང་མེད་པར་འཛམ་གླིང་གི་ཡང་རྩེར་ཞི་བདེའི་ངང་གནས་པའི་རང་རེ་བོད་ཁ་བ་ཅན་གྱི་ཡུལ་ལ་དྲག་པོས་དབང་བསྒྱུར་བྱས་པ་མ་ཟད། རྒྱ་ནག་གོང་མ་རིམ་བྱུང་དང་བོད་ཀྱི་ཆོས་རྗེའི་དབར་གྱི་མཆོད་ཡོན་འབྲེལ་བར་བསྙད་དེ་བོད་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་གྱི་ལོ་རྒྱུས་རྫུན་བཟོ་དང་དྲིལ་བསྒྲགས་བྱས་ཏེ་འཛམ་གླིང་མི་མང་ལ་མགོ་སྐོར་སླུ་ཁྲིད་བྱ་ཐབས་རིམ་པར་སྤྱད་དང་སྤྱོད་བཞིན་ཡོད།
དོན་དངོས་ཐོག་ ༡༩༤༩ ལོ་ནས་བཟུང་རྒྱ་དམར་གྱིས་བོད་ཤར་ཕྱོགས་ནས་རིམ་པས་དྲག་པོའི་བཙན་འཛུལ་བྱས་པ་དང་། ༡༩༥༡ བོད་ལྕགས་ཡོས་ལོར་བཙན་གྱིས་ཆེད་འབོད་བྱས་པའི་བོད་ཀྱི་ཆེས་མཐོའི་གནད་ཡོད་མི་སྣ་ཁག་གཅིག་ལ་རྒྱ་དམར་གྱིས་རང་འདོད་ལྟར་བྲིས་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བར་བཙན་གྱིས་མིང་རྟགས་བཀོད་དུ་བཅུག་ཅིང༌། རྒྱ་དམར་ཁོ་རང་ཚོས་རྫུན་བཟོ་བྱས་པའི་རྟགས་ཐེལ་ཞིག་བོད་གཞུང་གི་ཡིན་ཚུལ་དུ་ཕབ་བཅུག་ཏེ་འཛམ་གླིང་ཡོངས་སུ་བོད་ལ་ཁྲིམས་མཐུན་གྱིས་ཞི་བའི་བཅིངས་འགྲོལ་བཏང་ཚུལ་བསྒྲགས་དང་སྒྲོག་བཞིན་ཡོད།
སྤྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པས་མ་ཚད། རྒྱ་དམར་རང་ཉིད་ཀྱིས་བྲིས་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་འབྲུ་དོན་ལ་རྩིས་མེད་ཀྱིས་བོད་ཀྱི་བླ་སྤྲུལ་དགེ་བཤེས་ཀྱིས་གཙོས་པའི་སེར་སྐྱ་ཕོ་མོ་གྲངས་ལས་འདས་པར་མི་སྤྱོད་ལས་འདས་པའི་མནར་གཅོད་དང་། བཙན་གནོན། བཙོན་འཇུག དམར་གསོད་གཏོང་བ་སོགས་ཀྱི་ལས་ངན་གྲངས་ལས་འདས་པ་བརྩམས་པ་དང་། ལོ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་རྒྱ་དམར་གྱི་དམག་སྒར་དུ་གདན་ཞུ་ཡིས་སྐུ་ཕྱཱར་གནོད་པའི་ལས་ངན་བརྩམ་འཆར་ཡོད་པ་སོགས་བོད་མི་མང་གི་སྙིང་ལ་གནག་པའི་ལས་ངན་རིམ་བསག་ལ་བཟོད་ཐབས་མེད་པར་སྤྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་སེར་སྐྱ་ཕོ་མོ་ཁྲི་ཚོ་བརྒལ་བས་སྙིང་སྟོབས་ཆེན་པོས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་གྱིས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པར་ཤོག བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕྱིར་རྒྱུགས་ཤིག ཅེས་འབོད་ཚིག་བསྒྲགས་ནས་བོད་མིའི་སྒེར་ལངས་ཞི་རྒྱ་ཆེ་བ་ཞིག་བྱས་ཡོད་པར་རྒྱ་དམར་གྱིས་མེ་མདའ་དང་མེ་སྒྱོགས་ཀྱིས་དྲག་གནོན་བྱས་ཏེ་བོད་མི་ཕལ་ཆེ་བ་ཤི་རྨས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་ས་ཁྲག་གིས་ཚོས་པར་བྱས་ཡོད་པ་དང་། ༸གོང་ས་མཆོག་ཀྱང་རྒྱ་དམར་གྱི་བྱེད་བབ་ལ་ཡིད་ཆད་རེ་བརླགས་ཀྱིས་སྐུ་འཁོར་དང་བཅས་པ་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད། འདི་ནི་དུས་ནམ་ཡང་བརྗེད་མི་སྲིད་པའི་བོད་མིའི་སྙིང་ཁོངས་ཀྱི་ན་ཟུག་ཅིག་ཡིན་པས་དུས་དེ་ནས་བཟུང་འཛམ་གླིང་གང་སར་གནས་པའི་བྱེས་གྱར་བོད་མི་ཚོས་ལོ་ལྟར་སྤྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། དེ་ཉིན་འཛམ་གླིང་མི་མང་ལ་བོད་ནང་བྱུང་བའི་རྒྱ་དམར་གྱི་དམར་གསོད་ཆེན་མོའི་དོན་རྐྱེན་དྲིལ་བསྒྲགས་དང་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་འབོད། རྒྱ་དམར་གྱི་བཙན་འཛུལ་དབང་བསྒྱུར་ལ་ངོ་རྒོལ་སོགས་བྱེད་ཀྱི་ཡོད་ལ། བོད་ནང་ལ་མཚོན་ནའང་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་ལ་ངོ་རྒོལ་རྒྱུན་མཐུད་དུ་ཡོང་བཞིན་པ་མ་ཟད། སྤྱི་ལོ་ ༢༠༠༩ ལོ་ནས་བཟུང་ད་བར་ཁྱོན་གཞིས་ལུས་བོད་མི་ ༡༥༢ ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་ལ་ངོ་རྒོལ་བྱས་ཡོད་པ་དང་། སྤྱི་ལོ་ ༢༠༡༧ ལོར་རང་ལུས་མེར་བསྲེགས་གནང་མཁན་བོད་མི་ ༨ བྱུང་ཡོད།
ལོ་འདིའི་སྤྱི་ཟླ་ ༣ ཚེས་ ༡༠ ནི་སྤྱི་ལོ་ ༡༩༥༩ ཟླ་བ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་ཀྱི་ལས་འགུལ་སྤེལ་ནས་ལོ་ངོ་ ༥༩ ཧྲིལ་པོ་འཁོར་བའི་ཉིན་མོ་ཞིག་ཡིན་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ངོོས་ནས་ལོ་ངོ་ ༥༩ ཡི་བོད་རང་བཙན་འཐབ་རྩོད་ཀྱི་རྒྱུད་རིམ་ནང་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱང་ངན་གུས་འདུད་ཀྱིས་རྗེས་དྲན་ཞུ་རྒྱུ་མ་ཟད། ཁོང་རྣམ་པའི་ནང་མི་བུ་ཕྲུག་དང་བཅས་པར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ལྷག་པར་དུ་བོད་གཞིས་བྱེས་གཉིས་སུ་འཚོ་སྡོད་བྱེད་བཞིན་པའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་སེར་སྐྱ་ཕོ་མོ་རྒན་གཞོན་ཡོངས་རྫོགས་ཀྱིས་དུས་རབས་ཕྱེད་ལྷག་གི་བོད་མིའི་འཐབ་རྩོད་ནང་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སེམས་ཁོང་གི་རེ་བ་དང་དགོས་འདུན། ཞུམ་པ་མེད་པའི་སྙིང་སྟོབས་ལྷག་བསམ་བཅས་ལ་རྗེས་དྲན་གྱིས་ཤིན་པོའི་ཁ་ཆེམས་དང་གསོན་པོའི་རེ་བ། བོད་རང་བཙན་སླར་གསོ་དང་། ༸གོང་ས་མཆོག་བོད་ལ་གདན་ཞུས་ཀྱིས་གཞིས་བྱེས་མཉམ་འཛོམས་ཡོང་རྒྱུའི་ཕྲག་ཏུ་བབ་པའི་ལས་འགན་ལ་འཁུར་མཉམ་ལེན་དང་འགན་མཉམ་ཁུར་གྱིས་ནུས་པ་སྤུངས་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་མ་ཟད། རྒྱ་དམར་གྱི་གཡོ་ཇུས་འོག་བོད་མིའི་ཆིག་སྒྲིལ་ཁ་གཏོར་དང་ནུས་སྟོབས་ཉམས་དམས་གཏོང་ཆེད་ཀྱི་ལག་ཆ་རུ་གྱུར་པའི་ཆོལ་ཁ་དང་ཆོས་ལུགས་ཟེར་བའི་དགོས་མེད་འཐེན་ཁྱེར་རིགས་སྤངས་ཏེ། བོད་དང་བོད་མི་ཟེར་བའི་མིང་བྱང་འོག་ང་ཚོ་ཐོུང་གི་ལས་དབང་དང་རང་དབང་གི་ཆེད་དུ་གཅིག་སེམས་གཅིག་སྒྲིལ་གྱིས་མདུན་སྐྱོད་དང་འཐབ་རྩོད་བྱ་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།
གཞན་ཡང་འཛམ་གླིང་གོ་ལ་ཡོངས་ཁྱབ་ཀྱི་སྲིད་གཞུང་དང་མི་མང་ཡོངས་ནས་མང་གཙོ་དང་རང་དབང་། འདྲ་མཉམ་དང་དྲང་བདེན། འགྲོ་བ་མིའི་ཐོབ་ཐང་སོགས་ནི་རྒྱལ་ཁབ་ཅིག་དང་སྲིད་གཞུང་ཞིག སྤྱི་འབངས་ཤིག་དང་འགྲོ་བ་མི་ཞིག་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ལ་ངོས་འཛིན་བྱེད་བཞིན་པའི་དུས་རབས་འདིར་རྒྱ་དམར་སྲིད་གཞུང་ནས་དམར་ཤོག་ཚོགས་པ་དང་སྲིད་དབང་སྒེར་སྤྱོད་རིང་ལུགས་པ་ཚོའི་ཁེ་ཕན་ཁོ་ནའི་ཆེད་དུ་དབང་ཆ་སྒེར་སྤྱོད་དང་དྲག་ཤུགས་ལོག་སྤྱོད་ཀྱིས་ད་དུང་ཡང་བོད་མིར་ཚད་ལས་འདས་པའི་བཙན་གནོན་དང་མནར་གཅོད། བཙོན་འཇུག སྲོག་ཐོག་གཏོང་བ། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་ལ་དམ་དྲག་དང་ཚད་འཛིན་གྱིས་རྩ་མེད་གཏོང་བའི་སྲིད་ཇུས་རྒྱུན་སྐྱོང་བྱེད་བཞིན་པ་དེ་ངེས་པར་དུ་མཚམས་འཇོག་དགོས་པ་དང་། སྤྱི་ལོ་ ༢༠༡༨ ཟླ་བ་ ༢ ཚེས་ ༡༧ ཉིན་བོད་མི་ཡོངས་ཀྱིས་ཆེས་རྩ་ཆེར་ངོས་འཛིན་ཞུ་བཞིན་པའི་ལྷ་ལྡན་གཙུག་ལག་ཁང་དུ་མེ་སྐྱོན་བྱུང་བའི་ཚབ་ཆེའི་གནས་ཚུལ་བྱུང་ཡོད་པ་དེའི་བྱུང་རྐྱེན་ཇི་ཡིན་དང་བོད་ཀྱི་རིན་བྲལ་སྐུ་རྟེན་ཇི་ཙམ་ལ་གནོད་ཚེ་བྱུང་ཡོད་པའི་ཞིབ་གནས་ཁ་གསལ་བརྗོད་དགོས་པ་ནན་བརྗོད་བྱ་རྒྱུ་མ་ཟད། རྒྱལ་སྤྱིའི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་ལྷན་ཚོགས་ཀྱི་ (World Heritage Site UNESCO) ངོས་ནས་ཀྱང་གནད་དོན་འདིར་འགན་ཁུར་གྱིས་ཞིབ་འཇུག་མཐིལ་ཕྱིན་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་དང་ཕྱོགས་མཚུངས་ད་ཐེངས་རྒྱ་དམར་སྲིད་གཞུང་གིས་སྲིད་དབང་སྒེར་སྤྱོད་རྒྱུན་སྐྱོང་བྱ་ཆེད་དུ་རྩ་ཁྲིམས་ནང་སྲིད་འཛིན་གྱི་དུས་ཡུན་ལ་ཚད་བཀག་མེད་པར་འགྱུར་བ་གཏོང་རྒྱུའི་ངན་ཇུས་གདིང་བཞིན་པ་འདི་ནི་མང་གཙོ་དང་རང་དབང་གི་ལམ་བུ་ནས་ཆེས་རྒྱང་རིང་དུ་བསྐྱོད་དེ་སྲིད་དབང་སྒེར་སྤྱོད་ཀྱིས་ཆེས་མུན་ནག་དང་ཆེས་སྡུག་རྩུབ་ཀྱི་མ་འོངས་པ་ཞིག་བསུ་བཞིན་ཡོད་པ་གསལ་པོ་ཆགས་ཡོད་པས། བོད་རང་བཙན་སླར་གསོ་དང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུས་ཀྱིས་གཞིས་བྱེད་མཉམ་འཛོམས་ཀྱི་རང་དབང་ཉིན་མོ་མ་འཆར་བར་དུ་ང་ཚོས་བཙན་རྒོལ་རྒྱལ་སྐྱོབ་ཀྱི་རང་དབང་འཐབ་རྩོད་བྱ་ངེས་ཡིན་པ་གསལ་བརྗོད་བྱ་རྒྱུ་ཡིན།
དེ་བཞིན་གོ་སྐབས་འདི་བརྒྱུད་ནས་དྲང་བདེན་དང་རང་དབང་ལ་མོས་པའི་རྒྱ་གར་གཞུང་དམངས་གཉིས་ཀྱི་གཙོས་འཛམ་གླིང་རྒྱལ་ཁབ་ཁག་དང་མི་མང་། མཉམ་འབྲེལ་རྒྱལ་ཚོགས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་རྒྱུན་སྐྱོང་གནང་བར་བཀྲིན་ཆེ་ཞུ་རྒྱུ་མ་ཟད། མུ་མཐུད་བོད་ཀྱི་བདེན་པའི་རྒྱབ་ལངས་དང་འཛམ་གླིང་ཡོངས་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་འགན་ཁུར་ཐོག་རྒྱ་དམར་སྲིད་གཞུང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་མཐའ་དག་མཚམས་འཇོག་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་དྲན་སྐུལ་དང་ནན་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་པ་དང་བོད་རང་དབང་རང་བཙན་སླར་གསོ་དང་གཞིས་བྱེས་མཉམ་འཛོམས་ཀྱི་རང་དབང་ཉིན་མོ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་དང་བཅས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།
བོད་རྒྱལ་ལོ་ ༢༡༤༥ སྤྱི་ལོ་ ༢༠༡༨ ཟླ་བ་ ༣ ཚེས་ ༡༠ ཉིན།