བོད་མིའི་སྒེར་ལངས་གོམ་བགྲོད།
དྷ་ས་ནས་ལྡི་ལི་བར།
༢༠༡༤།༢།༨ ནས་ ༢༠༡༤།༣།༡༠ བར།
སྤྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང་བོད་མི་རིགས་སྐད་ཡིག་རིག་གཞུང་དང་བཅས་པ་རྩ་མེད་བཟོ་བའི་ཞེ་བརྣག་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་རབ་དང་རིམ་པར་སྤེལ་ནས་བོད་མི་རིགས་ཆག་འཇིག་གི་གནས་སུ་གྱར་བ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་འཛམ་གླིང་གི་ཡང་རྩེར་སྙེག་བཞིན་པའི་སྐབས་འདིར་རྒྱ་གཞུང་ནས་གདེང་སྤོབས་ཆེན་པོས་བོད་ནང་གི་བོད་མི་༡༢༥ལྷག་གིས་རང་གི་གཅེས་པའི་ལུས་སྲོག་མེ་རུ་བསྒྲོན་ནས་ “༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་དགོས།”“བོད་ལ་རང་དབང་དགོས།”“བོད་ལ་རང་བཙན་དགོས་” སོགས་ཀྱི་དགོས་འདུན་དང་ཞུ་འབོད་ཇི་བྱས་ལ་བཟང་ཕྱོགས་ཀྱི་ཡ་ལན་སྤྲོད་རྒྱུ་ལས་ལྡོག་སྟེ། ད་དུང་བོད་ནང་བོད་མི་ཚོར་བཟོད་པར་དཀའ་བའི་དམ་དྲག་དང་བཙན་གནོན་ཇེ་ཆེར་གཏོང་བཞིན་པ་མ་ཟད། བོད་མིའི་བསམ་བློའི་གཙོ་འཛིན་དང། འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཉག་གཅིག༧སྤྱི་ནོར་༰གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་མཚན་སྨོད་བྱེད་པ། འཛམ་གླིང་ནང་དྲང་བདེན་མ་ཡིན་པའི་འཁྱོག་བཤད་ཀྱི་དྲིལ་བསྒྲགས་སྣ་མང་བྱེད་པ་སོགས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་ནི་རང་ཅག་བོད་མི་རྣམས་ཀྱི་སེམས་ལ་བཟོད་ཐབས་མེད་པའི་ན་ཟུག་ཞིག་ཆགས་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ ༡༽ ད་ལྟའི་བོད་ནང་གི་དཀའ་ཚེགས་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་གནས་བབས་དྲིལ་བསྒྲགས་དང། ༢༽ རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་པའི་སྙིང་སྟོབས་ལ་གུས་བཀུར་དང་དགོས་འདུན་ལ་རྒྱབ་སྐྱོར། ༣༽རྒྱ་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོར་གདུང་སེམས་མཉམ་སྐྱེད་བཅས་ཀྱི་ཆེད་དུ་ ༼བོད་མིའི་སྒེར་ལངས་གོམ་བགྲོད་༽ཞིག་གོ་བསྒྲིགས་ཀྱིས། སྤྱི་ལོ་ ༢༠༡༤ ཟླ་བ་ ༢ ཚེས་ ༨ རེས་གཟའ་སྤེན་པའི་ཉིན་བཞུགས་སྒར་དྷ་ས་ནས་དབུ་འཛུགས་ཞུས་ཏེ་རྒྱང་ཐག་ཀི་ལོ་མི་ཊར་(Kilometer) ༦༠༠ ལྷག་ཙམ་གོམ་བགྲོད་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་བར་བསྐྱོད་ནས་སྤྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༡༠ ཉིན་ཏེ་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་ཉིན་མཇུག་བསྡུ་ཞུ་རྒྱུ་ཡིན།
སྤྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༡༠ ནི་ ༡༩༥༩ ལོར་བོད་ནང་བོད་མི་རྣམས་ཀྱིས་རྒྱ་དམར་གྱི་དབང་བསྒྱུར་ལ་ངོ་རྒོལ་གྱི་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་༥༥ ཧྲིལ་པོ་འཁོར་བའི་དུས་ཚིག་ཞིག་ཆགས་ཡོད་པས། གོམ་བགྲོད་པ་བོད་མི་ ༥༥ ནི་རྒྱ་དམར་གྱི་དབང་བསྒྱུར་དང་བཙན་གནོན་འོག་གི་བོད་མི་རྣམས་ཀྱིས་ཡ་ང་བའི་མུན་ནག་གི་ལོ་ངོ་ ༥༥ བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ནང་བསྐྱལ་བའི་ལོ་གྲངས་མཚོན་བྱེད་ཅིག་ཡིན།
འདས་པའི་ལོ་ངོ་ ༤༤ ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱ་གར་གྱི་གཙོས་པའི་རྒྱལ་སྤྱིའི་ས་ཕྱོགས་གང་སར་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བདེན་དོན་འཐབ་རྩོད་ཆེད་དུ་ལས་འགུལ་སྣ་མང་ལུ་གུ་རྒྱུད་དུ་སྤེལ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་པའི་རྒྱལ་སྤྱིའི་རྒྱལ་ཁབ་ཁག་དང་ཚོགས་པ་ཁག་ལ་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། དྲང་བདེན་སོགས་ཀྱི་ཆེད་དུ་བོད་རང་བཙན་གྱི་བདེན་རྒྱབ་ལ་ལངས་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེར་ཞུས་ཡོད་པ་རེད།
ད་ཐེངས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་ལ་གཤམ་འཁོད་ཀྱི་དགོས་འདུན་ལྔ་ཅན་གྱི་ཞུ་སྙན་ཞིག་འབུལ་རྒྱུ་དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང། འཛམ་གླིང་རྒྱལ་ཁབ་གཞན་གྱི་གཞུང་ཚབ་ཁག་ལ་ཡང་གཞོན་ལྷན་གྱི་དགོས་འདུན་ཁག་ལྔ་ལ་རྒྱབ་སྐྱོར་གྱིས་ངེས་པར་དུ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་ཞུ་སྙན་འབུལ་རྒྱུ་ཡིན།
གལ་སྲིད་རྒྱ་ནག་གཞུང་ནས་གཞོན་ལྷན་གྱི་དགོས་འདུན་ཁག་ལྔ་ལ་ལག་ལེན་གྱི་ཐོག་ནས་དོན་ཕན་ལྡན་པའི་གྲུབ་འབྲས་ཤིག་མ་བྱུང་ཚེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་བོད་དོན་བདེན་མཐའ་སེལ་ཐབས་དང་རྒྱ་གཞུང་གི་གདོང་རིས་དམར་རྗེན་དུ་ཐོན་ཐབས་ཀྱི་ལས་འགུལ་ནམ་ཡང་མཚམས་འཇོག་བྱེད་རྒྱུ་མིན་པའི་གསལ་སྟོན་བྱེད་རྒྱུ་ཡིན།
གཞན་ཡང་འཛམ་གླིང་རྒྱལ་ཁབ་ཁག་ནས་ཀྱང་གཞོན་ལྷན་གྱི་དགོས་འདུན་ཁག་ལྔ་ལ་རྒྱབ་སྐྱོར་བྱས་ནས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་འདུག་རྩུབ་ཅན་གྱི་སྲིད་ཇུས་ལ་སྐྱོན་བརྗོད་ཀྱིས་བདེན་པའི་རྒྱབ་ལང་བྱེད་དགོས་པ་དེ་ཞི་བདེ་དང། དྲང་བདེན། རང་དབང་བཅས་ལ་དོན་དམ་གྱི་བརྩི་བཀུར་བྱེད་པའི་འཛམ་གླིང་རྒྱལ་འབངས་ཀུན་གྱི་མཐུན་མོང་གྱི་འགན་འཁྲི་ཡིན་པ་གསལ་སྟོན་བྱེད་རྒྱུ་དང་།
ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཞོན་ལྷན་གྱི་དགོས་འདུན་ཁག་ལྔ་ལ་རྒྱབ་སྐྱོར་གྱིས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་འདུག་རྩུབ་ཅན་གྱི་སྲིད་ཇུས་དང་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་གདལ་གཤིག་ཚབ་ཆེན་གཏོང་བཞིན་པའི་ཡ་ང་བའི་འགྲོ་བ་མིའི་རིགས་ཀྱི་གོད་ཆག་མཚམས་འཇོག་ཡོང་ཐབས་བྱེད་དགོས་པའི་འབོད་སྐུལ་ཤུགས་ཆེར་ཞུ་རྒྱུ་ཡིན། གལ་སྲིད་མཉམ་འབྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་རིགས་ཀྱི་བདེ་རྩ་དང་། ཆེ་མཐོང་། དྲང་བདེན་སོགས་རྒྱལ་ཚོགས་རྩ་འཛུགས་ཀྱི་དགོས་དམིགས་ལ་རྡོག་རོལ་གྱིས་བོད་ཀྱི་གནས་དོན་ཐོག་དོན་སྨིན་གྱི་རྒྱབ་སྐྱོར་མ་གནང་ཚེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རྒྱལ་ཚོགས་ཀྱིས་དགོས་དམིགས་དོན་འཁྱོལ་དང་བོད་དོན་བདེན་རྒྱབ་ཡོང་ཐབས་ཀྱི་འབད་རྩོལ་ཚད་ཇེ་མཐོ་དང་ཤུགས་ཇེ་ཆར་གཏོང་ངེས་ཡིན།
དགོས་འདུན་ཁག་ལྔ།
༡༽ སྤྱི་ལོ་ ༢༠༠༩ ཟླ་བ་ ༢ ནས་བཟུང་བོད་ནང་བོད་མི་ ༡༢༥ ཡིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་ཞུ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་གནང་ཡོད་པའི་གནད་དོན་ལ་རྒྱ་གཞུང་ནས་དྲང་བདེན་གྱི་ཡ་ལན་སྤྲོད་དགོས།
༢༽ རྒྱ་ནག་གི་བཙོན་ཁང་འདྲ་མིན་ནང་སྡུག་སྦྱོང་མྱངས་དང་མྱོང་བཞིན་པ་ ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་འཕྲེང་༡༡པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། རོང་རྒྱས་ཨ་གྲགས་སོགས་ཀྱིས་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས།
༣༽ རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་། གཟུར་གནས་ཀྱི་རྒྱལ་སྤྱིའི་གཞོན་ནུའི་སྒྲིག་འཛུགས་ཤིག་གི་སྐུ་ཚབ་བོད་ནང་གི་དངོས་ཡོད་གནས་སྟངས་རྟོགས་ཞིབ་ཆེད་གཏོང་དགོས།
༤༽ རྒྱ་ནག་གཞུང་ནས་བོད་ནང་བོད་མིའི་ངོ་བོ་སྲུང་སྐྱོབ་ལ་ཉེན་ཚབས་ཆེ་བའི་རྒྱའི་མི་སེར་སྤེལ་བའི་སྲིད་ཇུས་ངན་པ་ལག་བསྟར་བྱས་དང་བྱེད་བཞིན་པ་དང། བཙན་དབང་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ནས་བོད་མི་རྣམས་ལ་བསམ་བློའི་མནར་གཅོད་གཏོང་བཞིན་པ་འཕྲལ་མར་མཚམས་འཇོག་དགོས།
༥༽ ཨེ་ཤི་ཡའི་སྣོད་བཅུད་དང་ཞི་བདེ། དེ་བཞིན་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་འབྲེལ་བ་ངེས་ཅན་ཡོད་པའི་འཛམ་གླིང་ཡང་རྩེའི་བོད་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་འཁོར་ཡུག་ལ་རྡུལ་ཚོན་ཚོད་ལྟ་དང་། ཤིང་ནགས་གཅོད་བྲེག གཏེར་ཁ་སྔོག་འདོན་སོགས་ཀྱིས་མཚོན་པའི་འཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས།
མཐའ་དོན། འདི་ལོའི་བོད་མིའི་སྒེར་ལང་གོམ་བགྲོད་དེ་སྤྱི་ལོ་ ༢༠༡༤ ཟླ་བ་ ༣ ཚེས་ ༡༠ ཉིན་མཇུག་སྒྲིལ་རྒྱུ་ཡིན་ཡང་། ང་ཚོའི་དགོས་འདུན་ལ་དོན་འབྲས་མ་སོན་བར་དང་། བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱལ་ཁ་མ་ཐོབ་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནམ་ཡང་འཚམ་འཇོག་བྱེད་རྒྱུ་མིན་པའི་ཐ་ཚིག་དང་བཅས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༠ སྤྱི་ལོ་ ༢༠༡༤ ཟླ་བ་ ༡ ཚེས་ ༩ ཉིན།