༄༅། །རྒྱལ་གཅེས་འཐབ་གྲོགས་གཅིག་གྱུར་ས་གནས་གཞོན་ནུའི་ཚོགས་གཙོ་རྒྱུན་ལས་ལྷན་རྒྱས་ལ།

ཆེད་ཞུ།
དགོངས་མངའ་ལྟར་རྒྱ་གར་ལྷོ་ཕྱོགས་ཁེ་རི་ལ་ (Kerala) མངའ་སྡེའིི་ནང་ཆུ་ལོག་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་ཡུལ་མི་ ༣༥༧ ལྷག་རྐྱེན་འདས་སུ་ཕྱིན་པ་དང་། ཡུལ་མི་ ༣༥༠༠༠༠ ལྷག་མྱུར་སྐྱོབ་གནས་སྤོ་བྱ་དགོས་བྱུང་བ་སོགས་ཀྱི་དཀའ་ངལ་ཚབས་ཆེ་འཕྲད་བཞིན་ཡོད་པར་འདི་གའི་ཁྱབ་ཁོངས་ས་གནས་གཞོན་ལྷན་རེ་ཟུང་ཞིག་ནས་ཁྱབ་ཁོངས་ས་གནས་ནང་སྤེལ་བཞིན་པའི་དངུལ་དངོས་ཀྱི་རོགས་རམ་ལས་འགུལ་ཁག་ལ་འཕྱར་བ་གྲུ་འདེགས་གནང་བཞིན་པར་བསྔགས་བརྗོད་ཞུ་རྒྱུ་དང་། ད་ལྟ་རང་རེའི་བཙན་བྱོལ་བོད་མི་གནས་ཡུལ་རྒྱལ་ཁབ་ཀྱི་མི་སེར་ལ་རང་བྱུང་གོད་ཆགས་ཀྱི་ཛ་དྲག་དཀའ་ངལ་འཕྲད་བཞིན་པར་རོགས་རམ་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པས། ས་གཞོན་ཁག་ནས་ཆུ་ལོག་གི་གནོད་ཚེ་ཕོག་ཡུལ་མི་མང་ལ་རོགས་རམ་ཆེད་ཁོངས་སོ་སོའི་ས་གནས་ནས་ཞལ་འདེབས་བསྡུ་རུབ་ཞུས་ཏེ་སྤྱི་ལོ་ ༢༠༡༨ ཟླ་བ་ ༩ ཚེས་ ༡༥ གོང་འདི་ག་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ལ་གཏོང་གནང་དགོས་པ་ཞུ་རྒྱུ་དང་། ས་གནས་ཁག་ནས་བྱུང་བའི་ཞལ་འདེབས་རྣམས་འདི་ལས་ནས་ཁེ་རི་ལ་མངའ་སྡེའི་བློན་ཆེན་ཐེབས་རྩར་འབུལ་རྒྱུ་ལགས་པ་དགོངས་འཇག་ཡོང་བ་ཞུ་རྒྱུ་བཅས།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།
བོད་རྒྱལ་ལོ་ ༢༡༤༥ ཕྱི་ལོ་ ༢༠༡༨ ཟླ་ ༨ ཚེས་ ༢༤ ལ།།