སྐབས་བཅོ་ལྔ་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་གཉིས་སྤྱི་ལོ་་༢༠༡༦ ཟླ་བ་ ༩ ཚེས་ ༡༢ ཉིན་ལྡི་ལིར་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད་པ་རེད།
དེ་ཡང་སྐབས་བཅོ་ལྔ་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་དང་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་གཉིས་སྤྱི་ལོ་་༢༠༡༦ ཟླ་བ་ ༩ ཚེས་ ༡༢ ཉིན་ལྡི་ལིར་གཞུང་འབྲེལ་ཕྱོགས་སྐྱོད་གནང་ཡོད་པ་དང་། སྤྱི་ཚེས་ ༡༣ ཉིན་སྐབས་བཅོ་ལྔ་པའི་དབུས་རྒྱུན་བསྟན་འཛིན་དབང་ཕྱུག་ལགས་དང་མཇལ་འཕྲད་ཀྱིས་ལྡི་ལིའི་ཡན་ལག་ལས་ཁུངས་ཀྱི་ཅ་དངོས་རྣམས་རྩིས་སྤྲོད་རྩིས་ལེན་ཆ་ཚང་ཞུས། སྤྱི་ཚེས་ ༡༤ ཉིན་རྒྱ་གར་གྲོས་ཚོགས་ཀྱི་གཞུང་ལམ་ཆེན་མོའི་སྐོར་སྲུང་ལས་ཁུངས་སོགས་སུ་ཆེད་བཅར་གྱིས་སྐོར་སྲུང་འགན་འཛིན་མི་སྣ་དང་ཐུག་ཕྲད་གནང་བ་མ་ཟད། གསར་དུ་འདེམས་ཐོན་བྱུང་བའི་གཞོན་ལྷན་རྒྱུན་ལས་དང་སྒྲིག་འཛུགས་འགན་འཛིན་ངོ་སྤྲོད་ཞུས། སྤྱི་ཚེས་ ༡༥ ཉིན་དབུས་རྒྱུན་ཟུར་པ་བསྟན་འཛིན་དབང་ཕྱུག་ལགས་དང་ལྷན་དུ་ལྡི་ལི་ Chanakepuri Police ལས་ཁུངས་སུ་བཅར་ནས་དེ་གའི་འགན་འཛིན་དང་ཐུག་འཕྲད་ཀྱིས་ངོ་སྤྲོད་འཚམས་སྦྱོར་ཞུས། དེ་བཞིན་དེ་ཉིན་གཞོན་ལྷན་གྱི་ཁྲིམས་རྩོད་པ་དང་ཐུག་འཕྲད་ཀྱིས་གཞོན་ལྷན་གྱི་ལས་འགུལ་དང་འབྲེལ་བའི་གནད་དོན་རྣམས་གང་མགྱོགས་ཁྲིམས་ཐོག་ནས་གཙང་བཟོ་དགོས་པའི་འབོད་སྐུལ་ཞུས། སྤྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་ཚོུད་ ༧ ཐོག་རོ་ཧི་ནི་ས་གནས་གཞོན་ནུའི་སྐབས་ ༡༧ པའི་རྒྱུན་ལས་གསར་འདེམས་ཀྱི་དམ་འབུལ་མཛད་སྒོར་གདན་ཞུས་ལྟར་བཅར་བ་དང་། གཞོན་ལྷན་སྤྱི་ཁྱབ་ཚོགས་གཞོན་གྱིས་དམ་བཅའི་རྩ་ཚིག་སྒྲོག་སྦྱང་གནང་ཏེ་རོ་ཧི་ནི་ས་གཞོན་རྒྱུན་ལས་གསར་པ་རྣམ་པས་སྐུ་པར་ཐོང་གྲོལ་རིན་པོ་ཆེའི་མདུན་དམ་འབུལ་ཞུས། དེ་རྗེས་སྤྱི་ཁྱབ་ཚོགས་གཞོན་དང་སྒྲིག་འཛུགས་འགན་འཛིན་གཉིས་ནས་སློབ་མ་རྣམ་པར་གཞོན་ལྷན་སྒྲིག་འཛུགས་ངོ་སྤྲོད་དང་འབྲེལ་བའི་གསུང་བཤད་གནང་རྗེས་མཛད་སྒོ་གྲུབ་ཡོད་པ་བཅས་ལྡི་ལིའི་གཞུང་འབྲེལ་ཕྱོགས་སྐྱོད་ཀྱི་ལས་དོན་ཁག་སྒྲུབ་ཡོད་པ་རེད།