༄༅། རྒྱལ་གཅེས་འཐབ་གྲོགས་གཅིག་གྱུར་ས་གནས་གཞོན་ནུའི་ཚོགས་གཙོ་རྒྱུན་ལས་ཡོངས་ལ།
ཆེད་ཞུ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་སྐབས་ ༡༥ པའི་རྒྱུན་ལས་ཡོངས་ནས་ཐོག་མར་ས་གནས་གཞོན་ལྷན་ཁག་གི་ཚོགས་གཙོ་གཙོས་པའི་རྒྱུན་ལས་དང་ཚོགས་མི་ཡོངས་ལ་འཚམ་འདྲི་ཞུ་རྒྱུ་དང་། ས་གཞོན་ཁག་ནས་ལྷག་བསམ་ཆེན་པོས་གཞོན་ནུའི་འགན་འཁུར་ཕྲག་ཏུ་བླངས་ནས་བོད་རྒྱལ་ཁབ་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་ངལ་བ་འཛེམས་མེད་ཀྱིས་ལྷག་བསམ་གཡོ་བ་མེད་པར་ལས་འགུལ་གང་མང་སྤེལ་བཞིན་ཡོད་པར་ལེགས་གསོལ་བསྔགས་བརྗོད་ཞུ་རྒྱུ་ཡིན།
མཁྱེན་གསལ་ལྟར་ལོ་ལྟར་སྤྱི་ཟླ་ ༤ ཚེས་ ༢༥ ཉིན་རང་ཅག་བོད་མི་རིགས་ཀྱི་སྐད་ཡིག་རིགས་གཞུང་དང་། སྐྱེ་འགྲོའི་བདེ་ཐབས་དང་བཅས་པའི་ལས་དོན་ལ་བླ་ན་མེད་པའི་མཛད་རྗེས་ཅན་མཁན་ཀུན་གཟིགས་༧པན་ཆེན་རིན་པོ་ཆེ་སྐུ་འཕྲེང་༡༠པའི་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་སྐར་ས་གནས་གཞོན་ལྷན་ཁག་ཡོངས་ནས་སྲུང་བརྩི་ཞུ་མུས་ཡིན་ཀྱང་། འདི་ལོར་༧ཀུན་གཟིགས་རིན་པོ་ཆེ་མཆོག་དགུངས་གྲངས་ ༢༥ ཕེབས་པའི་དགུངས་བཀག་ཡིན་པར་སོང་། ༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་གསལ་ཐང་ཡོང་བ་དང་། རང་ཡུལ་གངས་ཅན་ལྷ་མི་ཀུན་གྱིས་གང་མགྱོགས་༧ཀུན་གཟིགས་མཆོག་གི་གསེར་ཞལ་མཇལ་ཐུབ་པ་དང་གསུངས་གི་འདུད་རྩི་ལ་ལོངས་སུ་སྤྱོད་ཐུབ་པའི་ཆེད་དུ་བསང་གསོལ་དར་འཛུགས་དང་། མཆོད་འབུལ་སྨོན་ལམ། སྲོག་བླུ་བྱེད་རྒྱུས་མཚོན་པའི་ལས་རིམ་གྱི་ཐོག་ནས་སྲུང་བརྩི་ཞུ་བ་དང་། ལྷག་པར་གཞོན་ལྷན་ཚོགས་མི་ཡོངས་ནས་༧ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཁྲུངས་སྐར་ཉིན་དམར་ཟས་འཛེམས་གནང་ཡོང་བའི་ནན་སྐུལ་ཞུ་རྒྱུ་ཡིན།།

བོད་ཀྱི་གཞོནན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་
བོད་རྒྱལ་ལོ་ ༢༡༤༠ སྤྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༣ ལ།། །།