ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་སྤྱི་ལོ་ ༡༩༨༩ ཟླ་ ༤ ཚེས་ ༢༥ སྐུ་འཁྲུངས། སྤྱི་ལོ་ ༡༩༩༥ ཟླ་བ་ ༥ ཚེས་ ༤ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ངེས་རྙེད་བྱུང་བའི་གསལ་བསྒྲགས་བསྐྱངས་གནང་མཛད། སྤྱི་ལོ་ ༡༩༩༥ ཟླ་བ་ ༥ ཚེས་ ༡༧ ཉིན་རྒྱ་དམར་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་༧པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་དང་། ཡབ་ཡུམ་བཅས་འཛིན་བཟུང་གིས་ད་ལྟ་བར་གར་སོང་ཆ་མེད་དུ་གྱུར་ནས་༧ཁོང་ཡབ་ཡུམ་དང་བཅས་པ་གང་དུ་ཡོད་མེད་དང། སྐུ་ཁམས་འཚོ་བཞུགས་ཡོད་མེད་ཀྱི་གནས་ཚུལ་སོགས་གང་ཡང་ཤེས་རྟོགས་མེད་པར་གྱུར་ཡོད། སྤྱི་ལོ་ ༡༩༩༥ ཟླ་བ་ ༡༡ ཚེས་ ༢༩ ཉིན་རྒྱ་དམར་གཞུང་གིས་ངན་བྱུས་ལག་བསྟར་གྱིས་བོད་ཕྲུག་རྒྱལ་མཚན་ནོར་བུ་ཞེས་པ་ཞིག་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བསྐོ་བཞག་བྱས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ལོ་ ༡༩༩༧ འགན་ལྷན་ཐེངས་ ༢༨ པ་ཨོ་རི་སའི་གཞིས་ཆགས་སུ་སྐོང་འཚོགས་སྐབས་སུ་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུའི་འཁྲུངས་ཚེས་ཀྱི་ཉིན་མོར་ལྷ་གསོལ་དང། གསར་འགོད་གསལ་བསྒྲགས། རྔམ་སྟོན་ཁྲོམ་སྐོར་སོགས་ཆབ་སྲིད་ཀྱི་ལས་འགུལ་དབུས་ས་གཉིས་ཕྱོགས་ནས་སྤེལ་རྒྱུ་ཞེས་གཏན་འབེབས་ལས་འགུལ་དུ་གྲོས་ཆོད་བཞག་ཡོད།