༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་ནི་ལོ་རྒྱུས་ཐོག་རྒྱལ་བ་པཎ་ཆེན་རྣམ་གཉིས་སུ་གྲགས་པའི་ཆེས་མཐོ་ཤོས་ཀྱི་བླ་ཆེན་རྣམ་གཉིས་ཡིན་པ་དང་། ༸རྒྱལ་མཆོག་རྣམ་གཉིས་ཀྱི་འབྲེལ་བ་ནི་དུས་རབ་བཅུ་བདུན་པའི་དུས་འགོར་འགོ་འཛུགས་ཀྱིས་རིམ་པས་སྐུ་ཕྲེང་རིམ་བྱུང་བར་ཕན་ཚུན་ཡང་སྲིད་ངོས་འཛིན་ཞུ་རེས་དང་བླ་སློབ་ཏུ་བསྟེན་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་བ་དང་དབང་ལུང་མཎ་ངག་གསན་པ་སོགས་གནང་ཡོད། སྤྱི་ལོ་ ༡༩༩༥ ལོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་ཞུས་པའི་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལས་གསོན་མེད་ཀྱང་རྒྱ་གཞུང་ནས་༧པཎ་ཆེན་ཆུང་སྲིད་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་སྤུན་མཆེད་ཆ་ཚང་འཛིན་བཟུང་བཙན་ཁྲིད་ཀྱིས་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད།
༧ཀུན་གཟིགས་༧དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་ ༡༩༩༥ ཟླ་བ་ ༥ ཚེས་ ༡༧ ཉིན་འཛིན་བཟུང་བཙན་ཁྲིད་བྱས་པ་ནས་བཟུང་ད་བར་ཁོང་རྣམ་སྐུ་འཚོ་བཞུགས་ཡོད་མེད་སོགས་ཀྱི་གནས་ཚུལ་མཐོང་ཐོས་གང་ཡང་མེད་པར་གྱུར་ཡོད་པ་དང་། གནད་དོན་དེར་གཞིས་བྱེས་བོད་མིས་འབོད་སྐུལ་དང་ངོ་རྒོལ། ཞུ་འབོད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་དང་བྱིས་པའི་ཐོབ་ཐང་རྩོད་ལེན་པ་སོགས་འབྲེལ་ཡོད་ཚོགས་པ་ཁག་གིས་གནོན་ཤུགས་དང་འབོད་སྐུལ་ཇི་ཙམ་ཞུས་ཀྱང་རྒྱ་ནག་སྲིད་གཞུང་གིས་༧ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་གཏོང་རྒྱུ་ལྟ་ཅི། ཐ་ན་ཁོང་སྐུ་འཚོ་བཞུགས་ཡོད་མེད་དང་། ཁོང་ནང་མི་དང་བཅས་པའི་སྐུ་ཁམས་ཀྱི་གནས་བབ་ཇི་ཡོད་སོགས་ཀྱི་བདེན་དཔང་གཅིག་ཀྱང་རྒྱལ་སྤྱིའི་མིག་ལམ་དུ་སྟོན་མེད།
སྤྱི་ལོ་ ༢༠༡༠ ལོར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུ་ཅི་གཞོན་པ་པདྨ་འཕྲིན་ལས་ཀྱིས་༧ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་བདེ་ཐང་ངང་རྒྱུན་གཏན་གྱི་འཚོ་བར་རོལ་བཞིན་ཡོད་སྐོར་གསར་འགོད་པར་བརྗོད་ཡོད་ཀྱང་། དོན་དངོས་ཐོག་༧ཀུན་གཟིགས་མཆོག་སྐུ་འཚོ་བཞུགས་ཡོད་པའི་བདེན་དཔང་གང་ཡང་སྟོན་མེད་པ་མ་ཟད། དེ་ལས་ཟློག་ཏེ་རྒྱ་གཞུང་གིས་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ངོས་འཛིན་ཞུ་རྒྱུར་ཆོས་མེད་སྨྲ་བའི་རྒྱ་ནག་སྲིད་གཞུང་ལ་ཁྲིམས་ཐོག་ནས་དབང་ཆ་ཡོད་པར་བརྗོད་དེ། རྒྱལ་མཚན་ནོར་བུ་ཞེས་པའི་བོད་རིགས་བྱིས་པ་ཞིག་༸ཀུན་གཟིགས་མཆོག་གི་ཡང་སྲིད་ལ་ཐད་བསྐོས་ཀྱིས་ཆབ་སྲིད་ཀྱི་དགོས་མཁོ་སྐོང་ཆེད་ཀྱི་ལག་ཆར་བེད་སྤྱོད་བྱ་བཞིན་ཡོད་ཀྱང་། བོད་ཕྱི་ནང་གི་བོད་མི་སུས་ཀྱང་རྒྱ་གཞུང་གི་ངོས་འཛིན་བྱས་པའི་བུ་དེ་༧ཀུན་གཟིགས་མཆོག་གི་ཡང་སྲིད་ཡིན་པར་ཡིད་ཆེས་དང་ངོས་འཛིན་བྱ་ཡི་མེད།
13174224_1020040608114618_7539322178716289870_nབོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་༡) གཉན་ཕྲང་ཆེ་བའི་བོད་ཀྱི་ལོ་རྒྱུས་དུས་རིམ་ནང་བཀྲིན་ཤིན་ཏུ་ནས་ཆེ་བའི་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་བློས་གཏོང་དང་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་དྲན་གུས་འདུད་ཞུ་རྒྱུ་དང་། ༢) དགུང་ལོ་དྲུག་ནས་རྒྱ་གཞུང་གིས་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་པའི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཤེས་རྟོགས་ཡོང་ཐབསདང་། ཁོང་གི་གཙོས་པའི་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཐབས། ༣) ཞེ་སྣག་ལ་གདུག་རྩུབ་ཆེ་བའི་རྒྱ་གཞུང་གི་སྲིད་ཇུས་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་པའི་གཞིས་ལུས་སྤུན་ཟླ་ཚོའི་ཡ་ང་བའི་ཛ་དྲག་གི་གནས་བབ་དྲིལ་བསྒྲགས་དང་ཁོང་རྣམས་པར་གདུང་སེམས་མཉམ་སྐྱེད་ཞུ་ཆེད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་དང་གྲོས་ཚོགས་ཁག་ལ་གཤམ་མཁོད་ཀྱི་དགོས་འདུན་ཁག་བཞི་ཅན་ཞིག་འདོན་སྤེལ་གྱིས་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གིས་བཙན་ཁྲིད་བྱས་པའི་ཉིན་མོ་སྟེ་ཟླ་བ་ ༥ ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་ཀྱི་ཧུ་ཏར་ཁཎ་མངའ་སྡེའི་རྒྱལ་ས་ལྡེ་ར་ལྡུན་ནས་ཕྱོགས་ཐོན་གྱིས་རྒྱ་གར་རྒྱལ་ས་ལྡི་ལི་བར་བསྐྱོད་ནས་རྒྱ་གཞུང་གི་བཙན་འོག་ཏུ་བོད་རྒྱའི་དབར་ཆིང་ཡིག་དོན་ཚན་བཅུ་བདུན་ཞེས་པ་བཞག་པའི་ཉིན་མོ་སྟེ་ཟླ་བ་ ༥ ཚེས་ ༢༣ ཉིན་མཇུག་བསྡུ་ཞུས་ཏེ་བཙན་འོག་ཏུ་བཞག་པའི་ཆིག་ཡིག་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་པར་ནུས་མེད་དུ་སོང་ཟིན་པ་གསལ་སྟོན་ཞུ་རྒྱུ་ཡིན། ལས་འགུལ་ནང་མཉམ་བཞུགས་གནང་མཁན་ནི་བདེ་སྐྱིད་གླིང་། པོན་ཊ། ཕུ་རུ་ཝ་ལ། ཚེ་རིང་དོན་ལྡན་གླིང་། ར་ཇི་པུར། ཧར་པ་པུར། ན་ནི་ཏལ། མ་སུ་རི། ལྡི་ལི། རྡ་རམ་ས་ལ་བཅས་ཀྱི་ས་གནས་གཞོན་ནུ་ཁག་གི་ཚོགས་མི་དང་མི་མང་། དེ་བཞིན་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་རྒྱབ་སྐྱོར་ལས་འགུལ་བ་རྒྱ་གར་ཡུལ་མི་བསམ་གཏན་མི་ཤཱ་ར་འམ་བོད་མིང་བསམ་བསྟན་ཡེ་ཤེས་ཡང་མཉམ་བཞུགས་གནང་རྒྱུ་ཡིན།
དགོས་འདུན་ཁག་བཞི།
༡) རྒྱ་ནག་གཞུང་ལ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དཔང་གསལ་སྟོན་དགོས་པ་ནན་སྐུལ་བྱ་དགོས།
༢) རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་དང་མངོན་འདོད་ཁག་ལ་འགན་ཁུར་ཡ་ལན་དགོས་པ་ནན་སྐུལ་མཐའ་འཁྱོལ་བྱ་དགོས།
༣) བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས།
༤) རྒྱ་ནག་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་སྐུལ་བྱ་དགོས།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བོད་དོན་འཐབ་རྩོད་བྱ་མཁན་གྱི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ལྷན་ཚོགས་ཆེ་ཤོས་དེ་ཡིན་པས། ལྷན་ཚོགས་ཀྱི་ངོས་ནས་བོད་དོན་བདེན་མཐའ་མ་སེལ་བར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན།

བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས།
སྤྱི་ལོ་ ༢༠༡༦ ཟླ་བ་ ༥ ཚེས་ ༩ ཉིན།།

འབྲེལ་བ་གནང་ཡུལ། 0091- 8894135363 དབྱིན་སྐད། 9882510131 ཧིན་སྐད། 8527338119