བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པ་དེ་སྤྱ་ལོ་ ༢༠༡༦ ཟླ་བ་ ༥ ཚེས་ ༡༧ ཉིན་རྒྱ་གར་བྱང་ཕྱོགས་ཧུ་ཏར་ཁཎ་མངའ་སྡེའི་རྒྱལ་ས་ནས་དབུ་འཛུགས་གནང་ཡོད་པ་རེད།

13227803_1025385560913456_8022231616051942059_oདེ་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེའི་ཆེད་དུ་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་ཡོད་པ་དེ་སྤྱི་ལོ་ ༢༠༡༦ ཟླ་བ་ ༥ ཚེས་ ༡༧ ཉིན་གྱི་སྔ་དྲོ་རྒྱ་གར་བྱང་ཕྱོགས་ཨུ་ཏར་ཁཎ་མངའ་སྡེའི་རྒྱལ་ས་རྡེ་ར་རྡུན་གྱི་བོད་མིའི་བདེ་སྐྱིད་གླིང་གཞིས་ཆགས་ནས་དབུ་འཛུགས་གནང་ཡོད་པ་དང་། དབུ་འཛུགས་ཀྱི་མཛད་སྒོའི་ཐོག་རྒྱ་གར་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷ་ནི་ཤེ་ཇོའི་ཤེ་(MLA Mr. Ganesh Joshi)མཆོག་གིས་དབུས་པའི་རྒྱ་གར་དཔོན་རིགས་ཁག་གཅིག་དང་ས་གནས་ཀྱི་བོད་རིགས་ཚོགས་པ་ཁག་གི་སྐུ་ཚབ་ཕེབས་ཡོད་པ་རེད། མཛད་སྒོའི་ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཚོགས་གཙོ་མཆོག་གིས་དབྱིན་སྐད་ནང་ཧིན་བོད་དབར་གི་མཛའ་འབྲེལ་དང་། ༧ཀུན་གཟིགས་མཆོག་གི་གནས་བབ་ངོ་སྤྲོད་དང་འབྲེལ་༧ཀུན་གཟིགས་མཆོག་གི་མཚན་པཎ་ཆེན་ཞེས་པའི་ཚིག་འདི་ཡང་རྒྱ་གར་སྐད་པཎཊིཏ་ནས་བརྡ་ཆགས་པ་ཡིན་སྐོར་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་བ་དང་། དེ་བཞིན་སྤྱི་ཁྱབ་ཚོགས་གཞོན་མཆོག་ནས་ཀྱང་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་ཐོག་ལ་གསུང་བཤད་གནང་བ་དང་། རྒྱལ་བ་ཡབ་སྲས་གཉིས་ནི་བོད་མི་རྣམས་ཀྱིས་བོད་ཀྱི་ཉི་མ་དང་ཟླ་བ་ལྟ་བུ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་མ་ཟད། ༧ཀུན་གཟིགས་སྐུ་གོང་མ་ནི་བོད་མི་སྤྱིར་མཚོན་ན་རླབས་ཆེན་གྱི་སྐྱེ་བུ་ཞིག་ཡིན་པ་དང་། ད་དུང་ཁོང་ནས་མུ་ཐུད་ནས་གསུངས་དོན་དུ་༧པན་ཆེན་རིན་པོ་མཆོག་ནི་བོད་ཀྱི་ཆབ་སྲིད་ལོ་རྒྱུས་ནང་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་མི་སྣ་ཞིག་ཡིན་སྐོར་དང་དེ་བཞིན་ད་ལྟའི་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་འདི་བརྒྱུད་ནས་ཁོང་གི་ཡང་སྲིད་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་འཚོ་བཞུགས་ཡོད་མེད་དང་ཡོད་ཚེ་གནས་གང་ཞིག་ཏུ་ཡོད་མིན་སོགས་ཀྱི་ཐོག་རྒྱལ་སྤྱི་གཞུང་དང་མི་མང་ཚང་མས་རྒྱ་ནག་ལ་གནོན་ཤུགས་ཡོང་སླད་གོ་རྟོགས་དང་འབོད་སྐུལ་ཤུགས་ཆེར་གནང་རྒྱུ་ཡིན་སྐོར་གསུངས་སོང་།
12440763_1025404027578276_3910835396919992255_oལས་འགུལ་བ་རྣམས་བདེ་སྐྱིད་གླིང་གཞིས་ཆགས་ནས་དངོས་སུ་སྔ་དྲོ་ཚོུད་ ༡༡།༣༠ ཐོག་ས་གནས་མི་མང་དང་རྒྱབ་སྐྱོར་བ་ཚོའི་དགའ་བསུའི་ཕེབས་སྐྱེལ་དང་བཅས་ཕྱོགས་ཐོན་གནང་བ་དང་། ཕྱི་དྲོ་གནས་སྒར་ས་ཚིག་སུ་འབྱོར་སྐབས་དེར་ཡོད་མ་སུ་རིའི་གཏན་སློབ་ནས་དགའ་བསུའི་འཚམས་འདྲི་དང་སྣེ་ལེན་ཟབ་རྒྱས་གནང་ཡོད་པ་རེད།
ད་ཐེངས་ཀྱི་རྐང་འཁོར་སྐོར་སྐྱོད་ལས་འགུལ་ནང་ཁྱོན་བོད་མི་གྲངས་ ༤༡ དང་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་གཅིག་བཅས་ཁྱོན་མི་གྲངས་ ༤༢ ཙམ་མཉམ་བཞུགས་གནང་ཡོད་པ་རེད།