༄༅། །བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པ་བོད་རྒྱལ་ལོ་ ༢༡༤༤ སྤྱི་ལོ་ ༢༠༡༧ ཟླ་བ་ ༨ ཚེས་ ༢༩ ནས་ཟླ་བ་ ༩ ཚེས་ ༢ བར་ཉིན་གྲངས་ལྔ་རིང་སྦེང་ལོར་བོད་ཁྱིམ་ཚོགས་ཁང་ནང་བསྐྱངས་པའི་གྲོས་གཞི་དང་གྲོས་ཆོད།
གྲོས་གཞི་དོན་ཚན་དང་པོ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་། ས་གནས་གཞོན་ནུ་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་གནང་རྒྱུ།
གྲོད་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་། ས་གནས་གཞོན་ནུ་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་འཐུས་གཙང་ཟིན།
གྲོས་གཞི་དོན་ཚན་གཉིས་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༦ པའི་གྲོས་ཆོད་ཁག་ལ་ཞིབ་བཤེར་དང་འབྲེལ་ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
འགན་ལྷན་ཐེངས་ ༤༠ པའི་གྲོས་གཞི་དོན་ཚན་གསུམ་པ་ཀ་བའི་གྲོས་ཆོད་ཨང་གཉིས་པ། འགན་ལྷན་ཐེངས་ ༤༢ པའི་གྲོས་གཞི་དོན་ཚན་གསུམ་པའི་ཀ་པའི་གྲོས་ཆོད་ཨང་དང་པོ། གྲོས་གཞི་དོན་ཚན་བཞི་པའི་གྲོས་ཆོད་གཉིས་པ། འགན་འཛིན་ལྷན་ཚོགས་ཐེངས་༤༣ པའི་གྲོས་གཞི་དོན་ཚན་ལྔ་པའི་གྲོས་ཆོད་ཨང་གསུམ་པ། འགན་ལྷན་ཐེངས་ ༤༥ པའི་གྲོས་གཞི་དོན་ཚན་གསུམ་པ་ག་བའི་གྲོས་ཆོད་ཨང་དང་པོ། གྲོས་གཞི་དོན་ཚན་གསུམ་པ་ག་བའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་གསུམ་པ་ཅ་བའི་གྲོས་ཆོད་ཨང་གཉིས་པ། གྲོས་བཞི་དོན་ཚན་བཞི་པའི་གྲོས་ཆོད་ཨང་གསུམ་པ། གྲོས་གཞི་དོན་ཚན་བརྒྱད་པའི་གྲོས་ཆོད་ཨང་དང་པོ་བཅས་མཇུག་སྐྱོང་ཞུ་རྒྱུ།
གྲིས་གཞི་དོན་ཚན་གསུམ་པ།
བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸སྤྱི་ནོར་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུ་ཕྱཱ་ནི་བོད་ཀྱི་ནུས་སྟོབས་དང་། བོད་མིའི་ཆིག་སྒྲིལ། བདེ་སྐྱིད་ཀྱི་གཞི་རྩ་དམ་པར་སོང་། གཞོན་ལྷན་དབུས་ས་གཉིས་ནས་སྐུ་ཕྱཱའི་ཉེན་སྲུང་སླད་སྔར་ལྷག་ལས་དོན་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ རྒྱ་གར་དབུས་སའི་གཞུང་གི་ལས་ཁུངས་ཁག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཁག་སོ་སོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་ཐོག་འགན་ཁུར་ལྷོད་མེད་གནང་བར་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ འདིའི་ཐོག་ནས་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་སྔར་ལྷག་སྐུ་ཕྱཱའི་སྲུང་སྐྱོབ་ཐོག་དོ་དམ་ལྷོད་མེད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སྙན་འབུལ་རྒྱུ།
༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་ ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐུར་འདེབས་ཞུ་མཁན་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ་མ་ཟད། སླད་ཕྱིན་གཞི་མེད་ཀྱི་བྱ་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན།
༣༽ སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ས་ཕྱོགས་གང་སར་ཆིབས་བསྒྱུར་གནང་སྐབས་ས་གནས་གཞོན་ནུའི་རྒྱུན་ལས་དང་ཚོགས་མིའི་ངོས་ནས་སྐུ་ཕྱཱར་དོ་སྣང་དང་འགན་ཁུར་གནང་བཞིན་པ་ངེས་པར་དུ་རྒྱུན་སྐྱོང་བྱ་རྒྱུ།
གྲོས་གཞི་དོན་ཚན་བཞི་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་དོན་སྤེལ་ཕྱོགས་ཇི་དགེའི་སྐོར།
ཀ) བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་གཞིར་བཞག་ཐོག་བོད་རང་བཙན་སླར་གསོའི་ལས་འགུལ་ཁག་སྔར་ལྷག་ནུས་སྟོབས་གོང་འཕེལ་གཏོང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ གཞོན་ལྷན་དབུས་ས་གཉིས་ནས་རྒྱ་གར་གྱི་སྤྱི་ཚོགས་ནང་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་གོ་རྟོགས་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུ།
༢༽ གཞོན་ལྷན་དབུས་ས་གཉིས་ནས་རང་རེའི་སྤྱི་ཚོགས་ནང་ད་ནས་བཟུང་རྒྱ་ནག་གི་ཅ་དངོས་ཉོ་ཚོང་བྱ་རྒྱུ་མཚམས་འཇོག་ཡོང་བའི་འབོད་སྐུལ་དྲིལ་བསྒྲགས་བྱ་རྒྱུ།
༣༽ བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་དབང་ཁག་གདན་ཞུས་ཀྱིས་བོད་པའི་གཞོན་སྐྱེས་ཚོར་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དངོས་ཡོད་ལོ་རྒྱུས་ཀྱི་གོ་རྟོགས་ཤུགས་ཆེར་སྤེལ་རྒྱུ།
ཁ) དགྲ་བོ་རྒྱ་དམར་གྱི་བཙན་འོག་ཏུ་ཡོད་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་ཡོང་ཆེད་གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་འགན་ཁུར་འོག་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་སོགས་ལ་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས་ལ་རྒྱབ་སྐྱོར་ཤུགས་སྣོན་དགོས་པའི་ཞུ་སྙན་འབུལ་རྒྱུ།
༢༽ གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་པར་དང་ལོ་རྒྱུས་འཁོད་པའི་ཡིག་ཆ་ཞིག་སྐད་ཡིག་འདྲ་མིན་ནང་བཟོ་རྒྱུ་དང་དེ་དག་དབུས་ས་གཉིས་ནས་དུས་ནས་དུས་སུ་འགྲེམ་སྤེལ་བྱ་རྒྱུ།
ག) ད་བར་བོད་ཕྱི་ནང་གཉིས་སུ་བོད་མི་སྐྱ་སེར་ཕོ་མོ་གྲངས་ ༡༥༠ ལྷག་ནས་བོད་རྒྱལ་ཁབ་དང་བོད་མིའི་རྩ་དོན་སླད་རང་ལུས་མེར་བསྲེགས་གནང་ཡོད་པར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་ཞལ་ཆེམས་ཁག་སྒྲུབ་ཐབས་སུ་གཞོན་ལྷན་དབུས་ས་གཉིས་ནས་འགན་ཁུར་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ བོད་ཕྱི་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་བསྒྲུབ་ཆེད་དུ་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ཉམས་ཞིབ་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་བླ་སྲོག་ཏུ་སྒྲུབ་པའི་བོད་ཀྱི་སྐད་ཡིག་ཉིན་མོ་ཞིག་གཏན་འབེབས་དང་། དེ་ཉིན་ས་གནས་གཞོན་ལྷན་ཁག་ནས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་ལས་འགུལ་སྤེལ་ཏེ་ཡོངས་ཁྱབ་སྲུང་བརྩི་བྱ་རྒྱུ།
༢༽ གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་པར་སྐྲུན་ཞུས་པའི་འབར་བཞིན་པའི་བོད་ཀྱི་དེབ་དང་འོད་སྡེར་ཁག་གཞོན་ལྷན་དབུས་ས་གཉིས་ནས་རྒྱལ་སྤྱིའི་ནང་འགྲེམ་སྤེལ་རྒྱ་གང་ཆེ་བྱ་རྒྱུ།
གྲོས་གཞི་དོན་ཚན་ལྔ་པ། ཆོས་དང་རིག་གཞུང་གཅེས་འཛིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་འབྲུ་དོན་དང་། ལྷག་པར་དུ་ཚོགས་ཆེན་ཐེངས་ ༡༦ པའི་ཚོགས་བཅར་བ་ཡོངས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསེར་མཇལ་སྐལ་བཟང་ཐོབ་སྐབས་རང་རེའི་ཆོས་དང་རིག་གཞུང་། ཡ་རབ་བཟང་སྤྱོད་སོགས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཆེད་དུ་གཞོན་ནུ་རྣམས་ནས་འགན་ཁུར་དགོས་པ་སོགས་ཀྱི་བཀའ་སློབ་བཀའ་དྲིན་བསྩལ་དོན་བཞིན། གཞོན་ལྷན་ནས་དེ་འབྲེལ་འགན་ཁུར་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡ ༽ མཐོ་སློབ་ཀྱི་ས་གནས་གཞོན་ལྷན་ཁག་ནས་བོད་ཀྱི་མཐོ་རིམ་སློབ་མའི་དབར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་བརྗོད་གཞི་འདྲ་མིན་ཐོག་བགྲོ་གླེང་གོ་སྒྲིག་བྱ་རྒྱུ།
༢ ༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དང་བོད་མིའི་ཕུགས་རྒྱང་རིང་བའི་མདུན་ལམ་ལ་དགོངས་བཞེས་ཀྱིས་བོད་མིའི་ཤེས་ཡོན་སྲིད་ཇུས་གཏན་འབེབས་ལག་བསྟར་གནང་བཞིན་པར་ཡི་རང་བསྔགས་བརྗོད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྲེལ་ཡོད་བཀའ་ཤག་ལྷན་ཁང་དང་བོད་མིའི་སློབ་གྲྭ་ཁག་ལ་ཤེས་ཡོན་སྲིད་ཇུས་དེ་བཞིན་ལག་བསྟར་དོན་འཁྱོལ་ཆ་ཚང་ཡོང་བར་སྔར་རྒྱུན་བཞིན་ཤུགས་སྣོན་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་སྙན་འབུལ་རྒྱུ།
༣༽ ས་གཞོན་ཁག་ནས་ས་གནས་ཀྱི་གནས་བབ་ལ་གཞིགས་ཏེ་ནང་ཆོས་ངོ་སྤྲོད་དང་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་གོ་རྟོགས་གང་མང་སྤེལ་རྒྱུ།
གྲོས་གཞི་དོན་ཚན་དྲུག་པ། མང་གཙོའི་གོ་རྟོགས།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མང་གཙོའི་གོ་རྟོགས་གོང་མཐོར་སྤེལ་ཐབས་ལ་སྨན་པའི་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ གཞོན་ལྷན་དབུས་ས་གཉིས་ནས་བཙན་བྱོལ་བོད་མིིའི་སྤྱི་ཚོགས་ནང་མང་གཙོའི་གོ་རྟོགས་གང་མང་སྤེལ་རྒྱུ།
༢) གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གི་འགན་ཁུར་འོག་དེ་སྔའི་གཞོན་ལྷན་གྱི་ས་གནས་མི་འབོར་ལ་གཞིགས་པའི་སྤྱི་འཐུས་འོས་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་ཡིག་ཆ་དེ་བཞིན་ཁ་སྐོང་གིས་གཏན་འབེབས་བྱས་ཏེ་ལག་བསྟར་དོན་འཁྱོལ་ཡོང་ཐབས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འབུལ་རྒྱུ་མ་ཟད། མི་མང་ལ་ཡོངས་ཁྱབ་འགྲེམ་སྤེལ་གྱིས་གོ་རྟོགས་སྤེལ་རྒྱུ།
༣༽ གཞོན་ལྷན་དབུས་ས་གཉིས་ཀྱི་རྒྱུན་ལས་ནས་གཞོན་ལྷན་གྱི་དམིགས་ཡུལ་དོན་ཚན་གཉིས་པའི་དགོངས་དོན་ལྟར་རང་རའི་སྤྱི་ཚོགས་ནང་ཁོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་གྱི་བསམ་བློ་སྤངས་ཏེ་མཛའ་མཐུན་དམ་གཙང་གཅིག་གྱུར་ཡོང་ཐབས་ལ་དུས་ནས་དུས་སུ་ཤུགས་སྣོན་རྒྱག་རྒྱུ།
གྲོས་གཞི་དོན་ཚན་བདུན་པ། སྤྱི་ཚོགས་ཞབས་ཞུ།
ས་གཞོན་ཁག་ནས་ས་གནས་ས་ཐོག་ཏུ་བོད་མི་ནད་གཅོང་ཉམ་ཐག་དང་དབུལ་ཕོངས་ཀྱི་དཀའ་ངལ་སེལ་ཐབས། དེ་བཞིན་འཕྲོད་བསྟེན་སློབ་གསོ་དང་ཁོར་ཡུག་སྲུང་སྐྱོབ་སོགས་གནང་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ སློབ་ཡོན་དཀའ་ངལ་ཡོད་རིགས་ཀྱི་བོད་པའི་མཐོ་རིམ་སློབ་མ་རྣམས་ལ་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་བབ་གཟིགས་ཀྱིས་རོགས་རམ་བྱ་རྒྱུ།
༢༽ རང་རེའི་གཞོན་སྐྱེས་ཚོའི་འཕྲོད་བསྟེན་དང་ནང་ཁུལ་གྱི་འབྲེལ་ལམ། ཆིག་སྒྲིལ་བཅས་ལ་དམིགས་ཏེ་ལོ་ལྟར་རྒྱལ་སྤྱིའི་ཀྱི་རྐང་སྤོལ་འགྲན་བསྡུར་ཞིག་གཞོན་ལྷན་དབུས་ས་ཐོུང་གིས་གོ་སྒྲིག་ཞུ་རྒྱུ།
གྲོས་གཞི་དོན་ཚན་བརྒྱད་པ། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་སྐོར།
ཀ) གཞོན་ལྷན་སྒྲིག་འཛུགས་སྲ་བརྟན་གྱི་གཞི་རྩ་གཙོ་བོ་ནི་དབུས་སའི་འབྲེལ་ལམ་ལ་རག་ལུས་སྟབས། དབུས་སའི་འབྲེལ་ལམ་སྔར་ལྷག་དམ་གཟབ་གཏོང་ཐབས་ཇི་དགེའི་སྐོར།
གྲོས་ཆོད།
༡ ༽ ས་གཞོན་ཁག་གིས་ས་གནས་ཀྱི་ལས་འགུལ་སྙན་ཐོ་དེ་བཞིན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ལ་དུས་ཐོག་ཏུ་གློག་འཕྲིན་དང་སྦྲག་ཐོག་གང་རུང་ནས་འབུལ་ལམ་ཞུ་རྒྱུ།
༢༽ དབུས་གཞོན་ལྷན་གྱི་ངོས་ནས་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་སྐབས་ངེས་པར་དུ་གཞོན་ལྷན་གྱི་དྲ་རྒྱའི་ཐོག་འཇོག་རྒྱུ་དང་། ས་གཞོན་ཁག་ནས་དེ་དག་གཅིག་གྱུར་དུ་བེད་སྤྱོད་བྱ་རྒྱུ།
ཁ) བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་ལ་ཉེ་བར་སོང་། དེ་སྲུང་བརྩི་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ འགན་ལྷན་ཐེངས་ ༤༨ པའི་ཐོག་ས་གཞོན་འཐུས་མིའི་དགོངས་ཚུལ་ཟིན་བྲིས་གཞི་རྩར་བཞག་སྟེ་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩིའི་གོ་སྒྲིག་ཚོགས་ཆུང་ཞིག་ཆེད་འཛུགས་ཀྱིས་ལས་དོན་འཆར་འགོད་བྱ་རྒྱུ།
གྲོས་གཞི་དོན་ཚན་དགུ་པ། སྤྱི་སྨན་དགོངས་འཆར།
༡༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་རང་རེའི་གཞོན་སྐྱེས་ཚོར་ཞི་བའི་འཐབ་རྩོད་ཀྱི་ཐབས་ཇུས་དང་ལག་ལེན་ཐོག་ཟབ་སྦྱོང་སྤྲོད་རྒྱུ།
༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཤེས་ཡོན་སློབ་གསོའི་རོགས་དངུལ་ཆེད་དུ་ས་གནས་གཞོན་ལྷན་ཁག་གིས་ལོ་ལྟར་གཞོན་ནུའི་སློབ་ཡོན་མ་དངུལ་འདུ་འགོད་ཀྱི་ལས་འགུལ་ཐེངས་རེ་སྤེལ་ཏེ་བྱུང་འབབ་དབུས་གཞོན་ལྷན་ལ་སློབ་ཡོན་མ་དངུལ་ཆེད་འབུལ་རྒྱུ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༨ པའི་གྲོས་ཆོད་དུ།
བོད་རྒྱལ་ལོ་ ༢༡༤༤ སྤྱི་ལོ་ ༢༠༡༧ ཟླ་བ་ ༩ ཚེས་ ༢ ཉིན།