གྲོས་གཞི་དོན་ཚན་དང་པོ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་དང་། ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་གནང་རྒྱུ།

གྲོས་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་དང་། ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་འཐུས་གཙང་ཟིན།

གྲོས་གཞི་དོན་ཚན་གཉིས་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༥ པའི་གྲོས་ཆོད་ཁག་ཞིབ་བཤེར་དང་འབྲེལ། ཕྱག་ལེན་འཁེལ་བསྡད་མཇུག་སྐྱོང་ཞུ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་གྲོས་གཞི་དོན་ཚན་གསུམ་པ་ཀ་པའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་དྲུག་པ་ཁ་པའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་བདུན་པ་ཀ་པའི་གྲོས་ཆོད་ཨང་གསུམ་པ། དེ་གཞིན་འགན་ལྷན་ཐེངས་ ༤༢ པའི་གྲོས་གཞི་དོན་ཚན་གསུམ་པའི་ཀ་པའི་གྲོས་ཆོད་ཨང་དང་པོ། གྲོས་གཞི་དོན་ཚན་བཞི་པའི་གྲོས་ཆོད་གཉིས་པ་། འགན་ལྷན་ཐེངས་ ༤༣ གྲོས་གཞི་དོན་ཚན་ལྔ་པའི་གྲོས་ཆོད་ཨང་དང་པོ། གྲོས་གཞི་དོན་ཚན་ལྔ་པའི་གྲོས་ཆོད་ཨང་གསུམ་པ། གྲོས་གཞི་དོན་ཚན་བདུན་པའི་གྲོས་ཆོད་ཨང་གཉིས་པ། འགན་ལྷན་ཐེངས་༤༥པའི་གྲོས་གཞི་དོན་ཚན་གསུམ་པ་ཀ་པའི་གྲོས་ཆོད་ཨང་དང་པོ། གྲོས་གཞི་དོན་ཚན་གསུམ་པ་ཀ་བའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་གསུམ་པ་ག་བའི་གྲོས་ཆོད་ཨང་དང་པོ། གྲོས་གཞི་དོན་ཚན་གསུམ་པ་ག་བའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་གསུམ་པ་ཅ་པའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་བཞི་པའི་གྲོས་ཆོད་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ། གྲོས་གཞི་དོནབ་ཚན་ལྔ་པའི་གྲོས་ཆོད་ཨང་གཉིས་པ། གྲོས་གཞི་དོན་ཚན་བརྒྱད་པའི་གྲོས་ཆོད་ཨང་དང་པོ་བཅས་མཇུག་སྐྱོང་ཞུ་རྒྱུ།

གྲོས་གཞི་དོན་ཚན་གསུམ་པ།
༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཐོག་འགན་འཁུར་ཞུ་ཕྱོགས།

ཀ༽ བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཐད་གཞོན་ལྷན་ནས་དམིགས་བསལ་འགན་འཁུར་ཞུ་ཕྱོགས་ཇི་དགེའི་སྐོར།
གྲོས་ཆོད།
༡༽ འགན་འཛིན་ལྷན་ཚོགས་ཐེངས་༤༦པ་འདིའི་ཐོག་ནས་འབྲེལ་ཡོད་རྒྱ་གར་དབུས་སའི་གཞུང་གི་ལས་ཁུངས་ཁག་དང། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་ལས་ཁུངས་ཁག་སོ་སོར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཐོག་འགན་འཁུར་ལྷོད་མེད་གནང་བར་བཅོས་མིན་གྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སླད་མར་ཡང་སྔར་ལྷག་༧སྐུ་ཕྱྭའི་སྲུང་སྐྱོབ་ཐོག་དོ་དམ་ལྷོད་མེད་ཞུ་དགོས་པའི་འབོད་སྐུལ་ཞུ་སྙན་འབུལ་རྒྱུ།

༢༽ ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཡུལ་གྲུ་ཁག་ཏུ་ཆིབས་བསྒྱུར་བཀྲིན་སྐྱངས་སྐབས་ས་གནས་ས་ཐོག་ཏུ་ཡོད་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱིས་༸རྒྱལ་བའི་སྐུ་ཕྱཱའི་སྲུང་སྐྱོབ་སླད་རང་ངོས་ནས་འགན་འཁུར་ཆེ་བཞེས་གནང་རྒྱུ།

༣༽ ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་དུས་འཁོར་ཀྱི་འཁོར་ལོའི་དབང་ཆེན་དང་གསུང་ཆོས་སོགས་བཀྲིན་བསྩལ་སྐབས་དམིགས་བསལ་གྱིས་མི་སྣ་འབོར་ཆེན་འདུ་འཛོམས་བྱེད་བཞིན་ཡོད་པར་བརྟེན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་དང་ཚོགས་མི་ཡོངས་ཀྱིས་མ་སྐུལ་དང་བླངས་ཐོག་༸རྒྱལ་བའི་སྐུ་ཕྱཱའི་སླད་དམིགས་བསལ་གྱིས་དོ་སྣང་འགན་འཁུར་ཆེ་བཞེས་ཞུ་དགོས་རྒྱུ།

ཁ༽ དོལ་རྒྱལ་རྗེས་འབྲང་པ་ཉུང་ཤས་ནས་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྒྲོ་འདོགས་ཀྱི་སྐུར་འདེབས་བྱེད་བཞིན་པར་གཞོན་ལྷན་ནས་སྔར་ལྷག་གདོང་ལེན་ཞུ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།

༡༽ འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ཡུལ་གྲུ་ཁག་ལ་ཞབས་གསོར་བཀྲིན་སྐྱོང་སྐབས་རྒྱ་གཞུང་གི་ངན་ཇུས་སླུ་ཁྲིད་འོག་ཚུད་པའི་དོལ་རྒྱལ་རྗེས་འབྲངས་པ་ཚོས་གཞི་མེད་སྐྱོན་འཛུགས་ཀྱིས་མཚན་སྨད་ཞུ་བཞིན་པ་དེ་དག་ལ་འཛམ་གླིང་ཡུལ་གྲུ་ཁག་ཏུ་ཡོད་པའི་ས་གཞོན་རྣམས་ནས་དབུས་རྒྱུན་ལས་ཀྱི་ལམ་སྟོན་གཞིར་བཞག་ཐོག་སྔར་ལྷག་དུས་ཐོག་ལ་ལན་འདེབས་གསལ་བཤད་བྱ་དགོས་རྒྱུ།

༢༽ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་གྱི་གནད་དོན་ཐོག་བསྩལ་བའི་བཀའ་སློབ་ལམ་སྟོན་དང་འབྲེལ་ཡོད་མི་སྣ་ཁག་གི་གསལ་བཤད་རྣམས་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་སྐད་ཡིག་འདྲ་མིན་ནང་ཕབ་བསྒྱུར་གྱིས་གཞོན་ལྷན་དབུས་ས་གཉིས་ནས་མི་མང་ལ་འགྲེམ་སྤེལ་རྒྱ་ཆེར་ཞུ་རྒྱུ།

༣༽ དོལ་རྒྱལ་རྗེས་འབྲངས་པ་ཚོས་དོལ་རྒྱལ་གྱི་ཁྱབ་ཁོངས་ཆེ་རུ་གཏོང་ཆེད་དུ་ས་ཕྱོགས་གང་སར་ནང་ཆོས་སློབ་གཉེར་བའི་མིང་ཐོག་ནས་ཕྲུ་གུ་བསྡུ་བསྐོང་བྱེད་བཞིན་ཡོད་པར་བརྟེན་ས་གནས་ས་ཐོག་ཏུ་ཡོད་པའི་ས་གཞོན་རྣམས་ཀྱིས་འགན་འཁུར་ཆེ་བཞེས་ཀྱིས་ས་གནས་མང་ཚོགས་ལ་ངེས་པར་དུ་ལམ་སྟོན་དང་གོ་རྟོགས་སྤེལ་དགོས་རྒྱུ།
གྲོས་གཞི་དོན་ཚན་བཞི་པ།

བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་བཅུར་ཕེབས་པར་བཀའ་དྲིན་རྗེས་དྲན་ཆེད་གཞོན་ལྷན་ནས་སྐུ་ཡི་གྱ་སྟོན་སྲུང་བརྩི་ཞུ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་སླད་༼བཀའ་དྲིན་རྗེས་དྲན།༽གྱི་བརྗོད་གཞིའི་ཐོག་གཞི་རྒྱ་ཆེ་བའི་རྩོམ་ཡིག་འགྲན་བསྡུར་ཞིག་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ནས་གོ་སྒྲིག་བྱ་རྒྱུ།

གྲོས་གཞི་དོན་ཚན་ལྔ་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་འབྲེལ་བའི་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

ཀ༽ རྒྱལ་སྤྱིའི་མི་མང་དང་། ལྷག་པར་མཐོ་སློབ་ཁག་གི་སློབ་མ་ནས་བོད་དེ་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་པའི་དངོས་ཡོད་ཀྱི་ལོ་རྒྱུས་དག་མཁྱེན་རྟོགས་ཆེད་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།
༡༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་རྣམས་ས་གནས་ཁག་ལ་འཚམས་གཟིགས་དང་། ཤེས་ཡོན་ལྟེ་གནས་ཁག་ལ་ཕེབས་ཏེ་གཏམ་བཤད་གནང་སྐབས་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དོན་དངོས་ཀྱི་ལོ་རྒྱུས་དག་གསལ་བཤད་བྱ་རྒྱུ།

༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་ཁང་ནས་བོད་རང་བཙན་ཡིན་པའི་དངོས་ཡོད་ལོ་རྒྱུས་རྣམས་སྤྱི་ཚོགས་དྲ་རྒྱའི་རྒྱུད་ལམ་ཁག་ལ་ཁྱབ་སྤེལ་གྱིས་རྒྱ་མི་རིགས་དང་རྒྱལ་སྤྱིའི་མི་མང་ལ་གོ་རྟོགས་ཤུགས་ཆེར་སྤེལ་རྒྱུ།

ཁ༽ མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་དང་། རྒྱལ་ཁབ་ཁག་གི་གྲོས་ཚོགས། དེ་བཞིན་མི་མང་བཅས་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། དེ་བཞིན་བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།
༡༽ ས་གཞོན་ཁག་དང་ལྷག་པར་དུ་མཐོ་སློབ་སློབ་མ་རྣམས་ནས་དུས་ཚོད་ངེས་ཅན་ཞིག་ལ་བོད་ཆས་གཙང་མ་གྱོན་ཏེ། མི་མང་འདུ་འཛོམས་ཆེ་སའི་ས་ཁུལ་ཁག་ཏུ་བོད་འདི་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་ལྡན་ཡིག་ཆ་འགྲེམས་སྤེལ་བྱ་རྒྱུ།

༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ངོས་ནས་སྔར་ལྷག་གཞོན་ལྷན་དྲ་བརྙན་གསར་འགྱུར་(TYC Online)ཐོག་ནས། བོད་རང་བཙན་ཡིན་པའི་དངོས་ཡོད་ལོ་རྒྱུས་དྲིལ་བསྒྲགས་དང་། གཞོན་ལྷན་གྱི་བོད་དོན་ལས་འགུལ་ཁྱབ་བསྒྲགས་ཀྱིས་མི་མང་ལ་གོ་རྟོགས་སྤེལ་རྒྱུ།

༣༽ གཞོན་ལྷན་དབུས་ས་གཉིས་ནས་དུས་རྒྱུན་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་གཞུང་ཚབ་སོ་སོར་བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་ཐབས་སུ་ཞུ་སྙན་གང་མང་འབུལ་རྒྱུ།

གྲོས་གཞི་དོན་ཚན་དྲུག་པ།
རྒྱ་དམར་གཞུང་གིས་འཛིན་བཟུང་བྱས་པའི་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅིུག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། བྱ་བྲལ་རིན་པོ་ཆེ་སོགས་བོད་ནང་གི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་དང། དེ་བཞིན་གར་སོང་ཆ་མེད་དུ་གྱུར་པའི་བོད་མི་རྣམས་གློད་གྲོལ་ཡོང་ཐབས་སུ་ལས་འགུལ་སྤེལ་ཕྱོགས་ཇི་དགེ་སྐོར།

གྲོས་ཆོད།
༡༽ ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་བྱ་བྲལ་རིན་པོ་ཆེ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཤེས་རྟོགས་སླད་དང་། རྒྱ་དམར་གཞུང་གི་བཙོན་ཁང་ནང་ཡོད་པའི་ཉེས་མེད་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་ཡོང་ཐབས། དེ་བཞིན་གར་སོང་ཆ་མེད་དུ་གྱུར་པའི་བོད་རིགས་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་བབ་ཤེས་རྟོགས་ཡོང་ཐབས་སུ་གཞོན་ལྷན་དབུས་ས་གཉིས་ནས་ལས་འགུལ་དུས་ནས་དུས་སུ་སྤེལ་རྒྱུ།

༢༽ མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པར་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཤེས་རྟོགས་རྒྱབ་སྐྱོར་ཡོང་ཐབས་སུ་ཞུ་སྙན་ཞིག་འགན་ལྷན་འདིའི་ཐོག་ནས་འབུལ་རྒྱུ།

གྲོས་གཞི་དོན་ཚན་བདུན་པ།
བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་བོད་ཕྱི་ནང་གཉིས་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པས་སྐུ་ལུས་མེར་བསྲེགས་སོགས་ཀྱི་ལས་འགུལ་བསྟུད་མར་སྤེལ་བཞིན་པའི་དགོས་འདུན་ཁག་སྒྲུབ་ཐབས་སུ་གཞོན་ལྷན་གྱིས་ལས་འགུལ་སྤེལ་ཕྱོགས་ཇི་དགེ་སྐོར།

གྲོས་ཆོད།
༡༽ ས་གནས་གཞོན་ལྷན་ཁག་སོ་སོས་འགན་འཁུར་ཆེ་བཞེས་ཀྱིས་སྐུ་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་དཔར་དང་ཞལ་ཆེམས་རྣམས་མི་མང་འདུ་འཛོམས་ཆེ་སའི་ས་ཁུལ་ལ་བཤམས་སྟོན་བྱ་རྒྱུ།

༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་པར་སྐྲུན་ཞུས་པའི་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་བརྙན་དཔར་དང་ངོ་སྤྲོད། ཞལ་ཆེམས་སོགས་འཁོད་པའི་དེབ་དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཁག་གི་གཞུང་ཚབ་སོ་སོར་དྲིལ་བསྒྲགས་ཆེད་ངེས་པར་དུ་འབུལ་ལམ་ཞུ་རྒྱུ།

གྲོས་གཞི་དོན་ཚན་བརྒྱད་པ།
རང་རེའི་མི་རབས་གསར་པ་རྣམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག དེ་བཞིན་བོད་མིའི་གཤིས་སྤྱོད་བཟང་པོ་རྣམས་རྒྱུན་གནས་ཐུབ་ཐབས་སུ་གཞོན་ལྷན་ནས་འགན་འཁུར་ཞུ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།
༡༽ དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་གི་བོད་དགེ་དང་ཆོས་དགེ་རྣམ་པས་བོད་ཕྲུག་སློབ་མ་ཚོར་སྔར་ལྷག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང། སྐད་ཡིག དེ་བཞིན་བོད་མིའི་གཤིས་སྤྱོད་བཟང་པོ་རྒྱུན་གནས་ཐུབ་ཐབས་ལ་འགན་འཁུར་ཆེས་བཞེས་ཀྱིས་སློབ་ཁྲིད་ལམ་སྟོན་གནང་སྐྱོང་ཡོང་བ་འགན་ལྷན་འདིའི་ཐོག་ནས་འབོད་སྐུལ་ཞུ་རྒྱུ།

༢༽ ས་གཞོན་ཁག་གི་འགན་ཁུར་འོག་གཞིས་ཆགས་སོ་སོའི་ནང་མྱོས་རྫས་མྱོང་གོམས་སུ་འགྱུར་པའི་གཞོན་སྐྱེས་ཚོར་སློབ་གསོ་ལམ་སྟོན་དང་། ས་གནས་ཀྱི་གནས་བབ་ལ་གཞིགས་ཏེ་རོགས་རམ་བྱ་རྒྱུ།

གྲོས་གཞི་དོན་ཚན་དགུ་པ།
རྒྱ་ནག་སྲིད་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་མིའི་ཆིགས་སྒྲིལ་ལ་གཏོར་བཤིག་དང་། གོ་སྐབས་དམ་འཛིན་གྱིས་ཆབ་སྲིད་ལྟ་གྲུབ་མི་འདྲ་བའི་དབར་འགལ་ཟླ་ཤུགས་ཆེར་བཟོ་བཞིན་ཡོད་པར། བཙན་བྱོལ་བོད་མིའི་ནང་ཁུལ་མཛའ་མཐུན་དམ་གཙང་གཅིག་གྱུར་གྱི་ནུས་པ་གོང་མཐོར་གཏོང་ཐབས་ལ་གཞོན་ལྷན་ནས་དམིགས་དཀར་ཞུ་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།
རྒྱ་ནག་སྲིད་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་མིའི་ཆིག་སྒྲིལ་ལ་གཏོར་བཤིག་དང་། གོ་སྐབས་དམ་འཛིན་གྱིས་ཆབ་སྲིད་ལྟ་གྲུབ་མི་འདྲ་བའི་དབར་འགལ་ཟླ་ཤུགས་ཆེར་བཟོ་བཞིན་ཡོད་པར་གཞོན་ལྷན་དབུས་ས་གཉིས་ནས་ཡིད་གཟབ་ནན་པོ་དགོས་རྒྱུ་དང་། ཆབ་སྲིད་ལྟ་གྲུབ་མི་འདྲ་བའི་དབར་ཕན་ཚུན་གུས་བརྩི་ཡོད་པའི་ཐོག་ནས་བཙན་བྱོལ་བོད་མིའི་ནང་ཁུལ་མཛའ་མཐུན་དམ་གཙང་ཐོག་བོད་དོན་འཐབ་རྩོད་ཀྱི་ལས་དོན་སྔར་ལྷག་རྒྱུན་སྐྱོང་བྱ་རྒྱུ།

གྲོས་གཞི་དོན་ཚན་བཅུ་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་སྒྲིག་འཛུགས་སྲ་བརྟན་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་ཇི་དགེའི་སྐོར།
ཀ༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་སྒྲིག་འཛུགས་སྲ་བརྟན་དང་། ལས་དོན་བྱེད་ཕྱོགས། དེ་བཞིན་ནང་ཁུལ་འབྲེལ་ལམ་ཡར་རྒྱས་ཚགས་ཚུད་གོང་འཕེལ་གཏོང་ཕྱོགས་ཇི་དགེའི་སྐོར།

གྲོས་ཆོད།
༡༽ ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་འོས་འདེམས་སྐབས་གཞོན་ལྷན་གྱི་སྒྲིག་གཞིའི་འབྲུ་དོན་ལྟར་ཚོགས་མིས་འོས་འདེམས་དགོས་པ་མ་ཟད། རྒྱུན་ལས་ཀྱི་འོས་གཞི་རྣམས་ཀྱང་ངེས་པར་དུ་གཞོན་ལྷན་གྱི་ཚོགས་མི་ཞིག་དང་། ལྷག་པར་དུ་གཞོན་ལྷན་གྱི་དམིགས་ཡུལ་དང་སྒྲིག་གཞིར་མོས་མཐུན་ཡོད་པ་ཞིག་ཡིན་དགོས།

༢༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་སྒྲིག་འཛུགས་སྲ་བརྟན་དང་ལས་དོན་ཁག་ཚགས་ཚུད་ཡོང་སླད། གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་ལྷན་ཚོགས་ཀྱི་སྒྲིག་གཞིའི་འབྲུ་དོན་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ས་གནས་གཞོན་ནུའི་རྒྱུན་ལས་རྣམ་པར་ལོ་གསུམ་རེའི་ནང་ཟབ་སྦྱོང་ཐེངས་རེ་ གོ་སྒྲིག་ཞུ་རྒྱུ།

ཁ༽ གནད་དོན་གཞན་ཆེད་དུས་ཚོད་ཟུར་བཅད།

གྲོས་ཆོད།
༡༽ ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐབས་༡༢པའི་ཚོགས་གཙོའི་བྱེད་བབ་ཁག་ཅིག་ལ་འགན་འཛིན་ལྷན་ཚོགས་འདིའི་ཐོག་ནས་བློ་ཕམ་བྱུང་བ་གསལ་སྟོན་བྱ་རྒྱུ།

༢༽ ལྷོ་ཕྱོགས་ཀྱིས་གཙོས་པའི་ས་གནས་ཁག་བརྒྱད་དང་། ནིའུ་ཡོག་དང་ནིའུ་ཇར་སི་ས་གཞོན་ཀྱི་གནད་དོན་ཐོག་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་མུ་མཐུད་འབྲེལ་ལམ་གནང་སྟེ་འགྲིག་མིན་གྱི་ཐག་གཅོད་གཙང་མ་ཞིག་ཡོང་ཐབས་བྱ་རྒྱུ།

༣༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དམིགས་ཡུལ་དང་ལས་དོན་བྱེད་ཕྱོགས་སོགས་མི་མང་ནས་མཁྱེན་རྟོགས་གསལ་པོ་ཡོང་སླད་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ནས་སྤྱིར་བོད་རིགས་གནས་ཡུལ་ས་ཁུལ་ཁག་དང་། ལྷག་པར་དུ་ས་གནས་བརྒྱད་དང་ནིའུ་ཡོག་ནིའུ་ཇར་སི་མི་མང་ལ་གསལ་བཤད་མཐིལ་ཕྱིན་བྱ་རྒྱུ།

གྲོས་གཞི་དོན་ཚན་བཅུ་གཅིག་པ།
སྤྱི་སྨན་དགོངས་འཆར།

གྲོས་ཆོད།
༡༽ བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མིའི་ངོ་སྤྲོད་ལག་འཁྱེར་སྔར་རྒྱུན་བཞིན་གཞོན་ལྷན་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་ནས་བཟོ་དགོས་པ་ལས། ས་གནས་སོ་སོའི་ངོས་ནས་གཏན་ནས་བཟོ་མི་ཆོག

༢༽ ས་གཞོན་ཁག་གིས་ལས་འགུལ་དང་ལས་དོན་ཇི་བྱས་ཀྱི་ལས་བསྡོམས་སྙན་ཐོ་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དུ་དུས་ཐོག་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་སྔར་རྒྱུན་བཞིན་བོད་ཡིག་ཐོག་ངེས་འབུལ་དགོས།

བོད་རྒྱལ་ལོ་ ༢༡༤༢ སྤྱི་ལོ་ ༢༠༡༥ ཟླ་བ་ ༥ ཚེས་ ༢༨ ལ་
བོད་ཀྱི་གཞོན་ནུ་ལྷན་ཚོགས་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས།